འུ་གཉིས་བར་གྱི་ཚེ་རབས།

        2019-04-19

དུང་སེམས་ཀྱི་བདུད་རྩི་དྭངས་མ།

བདུད་རྩི་འདྲེན་བྱེད་ཀྱི་ལག་པ་སྨུག་པོའི་ཤ་དྲོད།

ཞེ་འདང་གི་དམ་ཚིག་གཙང་མ།

དམ་ཚིག་ཤ་ཁྲག་ལ་བརྒྱུས་པའི་ཁྲག་གི་ཐིག་ལེ།

ཁྲེལ་གཞུང་གི་ཕྱི་ཐག་དཀར་བོ།

ཕྱི་ཐག་མནའ་ཚིག་ལ་བརྐོས་པའི་

ཨ་ལོང་དགུ་མདུད།

བདེན་པ་འདི་དག་གིས་སྲུང་མ་

བྱས་ཏེ་བསླུ་བ་མེད་ཀྱང་།

བརྩེ་དུང་གི་ཞི་བ་ནི་འུ་གཉིས་བར་གྱི་ཚེ་རབས་དེའོ།


སྨུག་ཞག་གྱ་གྱུའི་ནང་གི་དྲན་པ།

དྲན་པ་མཚོན་བྱེད་ཀྱི་མིག་ཆུའི་ཐིགས་པ།

མཇལ་འཛོམས་མེད་པའི་མནར་གཅོད་ཀྱི་རྨ་ཁ།

རྨ་ཁ་ཞེ་འདང་ཁྲི་མ་འབུམ་གྱི་ས་

བོན་གྱི་ཤ་ཁྲག་ལྷག་མ།

ལས་དབང་ཁ་དཀར་གཏིང་ནག་གི་འཁང་ར།

འཁང་ར་སྐྱེ་བ་སྔ་ཕྱིར་སྤྲིངས་

པའི་ངུ་ངག་གི་དབྱངས་རྟ།

ན་ཆུང་དུས་ཀྱི་བརྩེ་དུང་ཞལ་ཁ་ཕྱེས་ཏེ།

དྲན་པའི་དབུས་མཐའ་སྲུང་

བའི་འབུ་ཟིག་བྱས་རུང་།

བརྩེ་དུང་གི་ཞི་བ་ནི་འུ་གཉིས་བར་གྱི་ཚེ་རབས་དེའོ།


མཚན་མོ་འདིར།


མི་ཚོགས་དང་འུར་ཟིང་གཉིད་ཟིན་ན་ཡང་།

མཚན་མོ་འདིར་སེམས་སུ་དྲན་

གདུང་གི་མེ་ཁ་བསྒོས།

དྲན་པ་ཆུ་ཁོལ་བཞིན་གདུས་ནས།

ཡིད་ལ་བརྣག་པའི་དམ་ཚིག་གི་ཆོ་ངེ་ཕྱི་ལ་མཆེད།


མཚན་མོ་འདིར་དྲན་པའི་རྟ་ཁ་བསྒགས་ནས།

སྙིང་ལ་རེག་ན་ཆགས་སྡང་གི་འཕར་རྩ་ལྡིང་ནས།

གློ་དང་མཆིན་པའི་བར་གྱི་བརྩེ་བའི་མཚོ་མོ་སྐམ།

མིག་དང་མཆི་མའི་བར་གྱི་ཞེ་འདང་གི་ཐ་གུ་ཆད།


མཚན་མོ་འདིར་མུན་ནག་གི་

འཇིངས་སུ་བརྩེ་བའི་མར་ཁུ་འཁྱིལ།

ཡིད་ཀྱི་ཀོང་བུའི་ནང་ལ་

ཆགས་སྡང་གིས་མེ་སྒོང་བརྒྱབ་ཀྱང་།

དྲན་གདུང་གི་འཁྱགས་སྣང་གཞོབ་ཐབས་མི་འདུག


ཞེ་འཕྲིན་མཐའ་མ།


ཝེ། ང་ལ་བདེ་སྐྱིད་མི་དགོས།

ཁྱོད་ཀྱི་དྲན་གདུང་གིས་མནར་བས་ཆོག


ཝེ། ང་ལ་སྙན་ངག་མི་དགོས།

ཁྱོད་ཀྱིས་སྨྲེང་སེམས་ཀྱི་གཞས་

ཤིག་བཏང་བས་ཆོག

ཝེ། ང་ལ་བརྩེ་དུང་ཟེར་ནས་ལྷག་མ་མི་དགོས།

ཁྱོད་ཀྱིས་ང་རང་འཆི་ཁར་དྲན་པས་ཆོག

༼ གཟབ་ཉན་པ། ༽


  • ལེ་ཚན་སྔོན་མ།:དབྱངས་ཅན་མ་ལ་བསྔགས་པ།
  • ལེ་ཚན་རྗེས་མ།:གསོལ་འདེབས། ཞར་བཀོད་གཅིག