ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དང་མཇལ་བ།

ཀརྨ་འཕྲིན་ལས།        2019-04-17

ངའི་སེམས་པའི་ཉེ་ས་ན་མི་ཚོགས་ལང་

ལོང་གཡོ་བའི་ལི་ཐང་གི་གླིང་ཁ་ཞིག་དྲན་ཡང་།

དྭངས་གཙང་ཅན་གྱི་འཁོར་ཡུག

ལྟ་ན་སྡུག་པའི་ཡུལ་ལྗོངས།

དྲི་སྲུང་ཐུབ་པའི་མེ་ཏོག་གི་སྐྱེ་ཚལ་དབེན་རུང་།

སྙན་ཚིག་གིས་ཕྱུགས་པའི་གླག་རྒོད་ཅིག

ལི་ཐང་གི་ཕྱོགས་སུ་ཡང་ཡང་འཕུར།

གསེར་དངུལ་ལས་ཀྱང་རིན་བྲལ་གྱི་ཚིག་འབྲི་རེ་རེ།

རྡོ་རྗེའི་སྲུང་འཁོར་བསྒྲིགས་ཀྱང་མ་ཁོག་པར།

མཐོ་རུ་བརྩེགས་པའི་གླེགས་བམ་གྱི་བར་གསེང་ན།

མགུར་དབྱངས་ཀྱི་ཡིག་འབྲི་རེ་རེ་བཀོད།

དེས་རྐྱེན་གྱིས།

བསམ་མི་དགོས་པ་ཡིད་ལ་འཆར་བ།

འཛིན་མི་དགོས་པ་ཞེ་ལ་ཐོགས་པ།

གནས་མཆོག་ལི་ཐང་གི་གླིང་གའོ།།

ས་གཞི་འདི་སེམས་ལྡན་ཞིག་ཡིན་ན

སྤང་ལྗོངས་ལས་འཁྲུངས་པའི་མེ་ཏོག་དེ

འདམ་རྫབ་ཀྱི་ནང་དུ ་ལྷུང་བཅུག་གམ

རྒྱུ་རྐྱེན་ལས་སྐྱེས་པའི་མེ་ཏོག

འཐོར་ལ་ཉེ་བའི་འདབ་མ་ཟུང་ཟད་ཞིག་དང་འདྲ་ན

དུས་ཚིག་ལ་ཁག་འགེབས་ཇི་ལྟར་བྱེད

ཚེ་སྲོག་གི་རྒྱུད་ལམ་དེ

སྐྱེ་བ་སྔར་ཕྱི་ཡི་ཟམ་ཆེན་ཞིག་ཏུ་འཛིན་ན

སེམས་ལྡན་ནི་དེ་ལ་ཞེན་པའི

ཟམ་ཐོག་གི་མགྲོན་པོ་ཞིག་ཡིན་ནམ


  • ལེ་ཚན་སྔོན་མ།:འཕྲིན་ཡིག་བྱ་མ་རྟ།
  • ལེ་ཚན་རྗེས་མ།:དབྱངས་ཅན་མ་ལ་བསྔགས་པ།