ཉམ་ཐག་པའི་ནད་པར་གཅེས་སེམས་རོགས་དངུལ་ཕུལ་ནས་བདེ་དྲོད་སྟེར།

ཡེ་ཤེས་ཀྱིས།        2019-03-13

   སྤྱི་ཟླ3པའི་ཚེས8ཉིན། དབྱི་པིན་གྲོང་ཁྱེར་ནན་ཞི་ལས་རིགས་ལག་རྩལ་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་མིང་གིས་དགུ་ཐོག་གསུམ་སྣོན་གཞུང་ལས་ཁང་གི་ཀྲུའུ་རེན་ཝུའུ་ཅི་ཕིང་དང་། གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧྥི་ཡིན་ཚུན། དགུ་ཐོག་གསུམ་སྣོན་སློབ་གྲྭའི་དོ་དམ་ལས་བྱེད་པ་བློ་བཟང་ཟླ་བ་སོགས་ཁྲིད་ནས་དཀར་མཛེས་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱིན་ཁྲོང་གིས་ཕེབས་རོགས་འོག་ནད་ལྕི་མོ་ཕོག་པའི་སློབ་གྲྭའི་རྩིས་གཉེར་འཛིན་གྲྭའི་སློབ་མ་ཟླ་བ་སྒྲོལ་མ་ལ་ཆེད་དུ་ལྟ་སྐྱོང་བྱེད་ཞོར་འཚམས་འདྲིའི་རོགས་དངུལ་སྒོར47500ཕུལ་བ་རེད།

   ཝང་ཅན་མིང་གིས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་གཅེས་སེམས་རོགས་དངུལ་ཟླ་བ་སྒྲོལ་མའི་ཨ་ཕྱི་ཡེ་དབྱངས་ཀྱི་ལག་ཏུ་འཇོགས་སྐབས། ཨ་ཕྱི་ཡེ་གཡང་གི་མིག་ནང་མཆི་མ་འཁོར་བཞིན་ཁ་ནས་རྒྱུན་ཆད་མེད་པར་བཀའ་དྲིན་ཆེ། བཀའ་དྲིན་ཆེ་ཞུས་པར་མ་ཟད། དྲིན་ཆེན་ཅན་ལ་མཇལ་དར་ཕུལ་བ་རེད། མི་སེམས་འགུལ་བའི་རྣམ་པ་འདི་ནི་གསར་འགོད་པས་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ནད་པའི་སྡོད་ཁང་གི་ནད་ལྕི་ལྟ་སྐྱོང་ཚན་ཁགICUནད་ཁང་སྒོ་འགྲམ་དུ་མཐོང་བ་ཡིན། རོགས་དངུལ་འདི་དག་ནིICUནད་ཁང་ནང་ཉལ་ཡོད་པའི་ཟླ་བ་སྒྲོལ་མར་བུད་མེད་དུས་ཆེན་ཉིན་ལེགས་སྐྱེས་འབྱོར་བའི་ཆེས་རྩ་ཆེ་བའི་དངོས་པོ་ཡིན་པ་རེད།

    ཟླ་བ་སྒྲོལ་མ་ད་ལོར་ལོ་ན17ལ་སོན་ཞིང་། སེར་ཤུལ་རྫོང་འོར་སྟོད་མ་ཤང་མཐུན་སྒྲིལ་གྲོང་སྡེ་དང་པོ་ནས་ཡིན་པ་རེད། ད་ལྟ་དབྱི་པིན་གྲོང་ཁྱེར་ནན་ཞི་ལས་རིགས་ལག་རྩལ་སློབ་གྲྭའི་རྩིས་གཉེར་འཛིན་གྲྭ་ནང་སློབ་གཉེར་བྱེད་བཞིན་ཡོད་ཅིང་། ཁོ་མོའི་ཨ་ཕ་སྔ་མོ་ནས་ཚེ་ལས་འདས་པས་ཨ་མ་དང་ཨ་ཕྱི་གཉིས་ཀྱིས་གསོ་སྐྱོང་བྱེད་བཞིན་ཡོད་པ་རེད། 2019ལོའི་སྤྱི་ཟླ་དང་པོའི་ཚེས31ཉིན། དཀར་མཛེས་ཁུལ་སྨན་ཁང་ནང་ལུས་པོར་ནད་བརྟག་བྱེད་དུས་འདུས་འདྲིལ་ཅན་གྱི་ཀླད་རྒྱའི་གཉན་ཚད་དང་། ཁེགས་ཐོགས་ཅན་གྱི་ཀླད་པའི་བསགས་ཆུ། མཐུད་འབྱུང་ཅན་གྱི་གློ་བའི་འདུས་འདྲིལ་ནད། གློ་གཡོན་གློ་ཚད་དང་འདུས་འདྲིལ་ཅན་གྱི་སྙིང་ཐུམ་ནད་སོགས་ཕོག་ཡོད་པ་ཤེས་ཤིང་། ད་ལྟ་དཀར་མཛེས་ཁུལ་མི་དམངས་སྨན་ཁངICUནད་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད།

    ཝང་ཅན་མིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བྱ་རྒྱུ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་པ་ནི་རང་རེའི་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། སློབ་མ་ཟླ་བ་སྒྲོལ་མ་ལ་ནད་ཕོག་པའི་གནས་ཚུལ་ཤེས་རྗེས། སློབ་གྲྭའི་ཏང་ཨུ་ཡིས་བླ་ན་མེད་པའི་མཐོང་ཆེན་བྱས་ཏེ། དེ་མ་ཐག་ཏུ་མོའི་ཁྱིམ་བདག་དང་སྨན་ཁང་ལ་འབྲེལ་བ་བྱས་ནས་མོའི་ནད་གཞིའི་གནས་ཚུལ་རྒྱུས་ལོན་བྱས་པས་མ་ཚད། དུས་ཐོག་ཏུ་སློབ་གྲྭའི་དགེ་སློབ་ཡོངས་ལ་མ་དངུལ་གྲབས་གསོག་བྱ་རྒྱུའི་འབོད་སྐུལ་གནང་བ་དང་ཆབས་ཅིག སྤྱི་ཕན་ཆུ་ཐིགས་ལས་སྟེགས་ལ་རོགས་སྐྱོར་བྱ་རྒྱུའི་སྙན་ཞུ་ཕུལ་བ་ཡིན། ཆུ་ཐིགས་ཀྱིས་རྡོ་ཕུག་པ་དང་ས་རྡུལ་སྤུངས་ནས་མཆོད་རྟེན་གྲུབ་ཅེས་པའི་དཔེ་ལྟར། དགེ་སློབ་རྣམས་ཀྱིས་རོགས་སྐྱོར་ལག་ཟུང་བསྲིངས་ནས་རོགས་དངུལ་སྒོར47500ཙམ་གྲབས་གསོག་བྱེད་ཐུབ་བྱུང་། དེ་རིང་ངས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ནས་གཅེས་སེམས་རོགས་དངུལ་འདི་ཟླ་བ་སྒྲོལ་མའི་ལག་ཏུ་སྤྲད་དུ་འོང་བ་ཡིན། མོའི་ནད་མྱུར་དུ་དྲག་སྐྱེད་འབྱུང་རྒྱུའི་རེ་བ་དང་ཕྱིར་སློབ་གྲྭར་སློབ་ཁྲིད་འོང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

    སྨན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ནད་པ་ཁུལ་སྨན་ཁང་གི་ནད་ལྕིའི་ལྟ་སྐྱོང་ཁང་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་ནད་གཞི་སྔར་བཞིན་ལྕི་མོ་ཡིན་ལ། དབུགས་ཀྱི་འབྱིན་རྔུབ་ནི་འཕྲུལ་ཆས་ཀྱིས་རྒྱབ་སྐྱོར་བྱ་དགོས་ལ། ནད་པའི་ཉིན་རེར་འགྲོ་གྲོན་སྒོར2000ནས2500ཙམ་དགོས། མིག་སྔར་སྨན་བཅོས་འགྲོ་གྲོན་གྱི་སྨན་ཁང་ལ་ཆད་དངུལ་སྒོར་ཁྲི་བཅུ་ལྷག་ལ་ཟིན་ཡོད། རྗེས་མཐུད་ད་རུང་ཁུལ་སྨན་ཁངICUཡི་ཚན་ཁག་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱ་དགོས། སྔོན་དཔག་བྱས་ན་སྨན་ཁང་ནང་ད་དུང་ཟླ་བ་གཅིག་ལྷག་བསྡད་དགོས་ཤིང་། དུས་མཇུག་གི་འགྲོ་གྲོན་ཡང་སྒོར་ཁྲི་བཅུ་ལྷག་དགོས་པ་རེད།

    ནད་པའི་ཁྱིམ་མི་ཡེ་གཡང་གིས་ཟླ་བ་སྒྲོལ་མ་ནི་ང་ཚོའི་རེ་བ་ཉག་གཅིག་ཡིན་ལ། དབྱི་པིན་གྲོང་ཁྱེར་ནན་ཞི་ལས་རིགས་ལག་རྩལ་སློབ་གྲྭའི་འགོ་ཁྲིད་ཀྱིས་ཁྱེད་ཅག་ལ་ལྟ་སྐྱོང་འཚམས་འདྲི་གནང་བ་ནི་ངེད་ཅག་དཀའ་ཁག་གི་མུན་ནག་ཁྲོད་དུ་ལུས་ཡོད་སྐབས་ཐུགས་རྗེ་སྣང་བས་གཟིགས་སྐྱོང་ཡིན་པས་སྐུ་དྲིན་ཤིན་ཏུ་ཆེན་ཞེས་ཞུས་པར་མ་ཟད། ཁྱེད་རྣམ་པའི་ཁམས་བདེ་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་རེ་སྨོན་ཞུས་ལ། ད་དུང་ལྷག་བསམ་དང་སྙིང་རྗེས་ཕྱུག་པ་སྤྱི་ཚོགས་སྟེང་གི་དགེ་ལས་པ་དག་གིས་ཐུགས་རྗེའི་འོད་ཀྱི་ཉག་མ་རེ་རེ་ངེད་ཅག་དཀའ་སྡུག་གི་མུན་པ་སེལ་བའི་མཐུན་འགྱུར་སྩོལ་རོགས་མཁྱེན་ཞེས་ཞུ་བ་ཕུལ།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་དམངས་གཙོའི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:སྡེ་དགེ་དཔར་ཁང་འཛམ་གླིང་རིག་གནས་ཤུལ་བཞག་མིང་གཞུང་ནང་ཚུད་པར་བྱ་རྒྱུའི་གྲོས་གཞི་བཏོན་པ།
  • དོ་སྣང་ཆེ་བའི་རྩོམ།