སྡེ་དགེ་དཔར་ཁང་འཛམ་གླིང་རིག་གནས་ཤུལ་བཞག་མིང་གཞུང་ནང་ཚུད་པར་བྱ་རྒྱུའི་གྲོས་གཞི་བཏོན་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2019-03-14

སྡེ་དགེ་དཔར་ཁང་འཛམ་གླིང་རིག་གནས་ཤུལ་བཞག་མིང་གཞུང་ནང་ཚུད་པར་བྱ་རྒྱུའི་གྲོས་གཞི་བཏོན་པ།

        ད་ལོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་འགོ་འཛིན་གཞོན་པ་གཉའ་རྒྱལ་མཚན་ལགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ངོས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་ཐེངས་གཉིས་པ་དེ་ཡིན་པ་དང་། ཁོང་གིས་ལོ་འདི་གཉིས་ནང་བཏོན་པའི་གྲོས་འགོ་ཁག་མི་དམངས་ཀྱི་བདེ་ཐང་དང་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་འབྲེལ་བ་ཆེན་པོ་འདུག

        དེ་ཡང་ན་ནིང་ཁོང་གིས་སི་ཁྲོན་ཞིང་ཆེན་དུ་ཞིང་ཆེན་རིམ་པའི་བོད་ལུགས་གསོ་རིག་སྨན་ཁང་ཞིག་བཙུགས་ནས། བོད་ལུགས་གསོ་རིག་འདི་ཉིད་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་དང་། བོད་ལུགས་གསོ་རིག་གིས་མི་དེ་བས་མང་བར་ཕན་བདེ་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་དང་། དེ་ལ་གོང་རིམ་ཚན་པ་དང་འབྲེལ་ཡོད་སྡེ་ཁག་ནས་མཐོང་ཆེན་གནང་སྟེ། མིག་སྔར་བོད་ལུགས་གསོ་རིག་སྨན་ཁང་དེ་འཛུགས་པའི་ལས་འགོ་བཙུགས་ཟིན་ཞེས་ཁོང་གིས་དགྱེས་ཚོར་ཆེན་པོས་གསུངས།
        ད་ལོར་ཁོང་གིས་བཏོན་པའི་གྲོས་འགོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པའི་སྡེ་དགེ་དཔར་ཁང་དེ་ཉིད་འཛམ་གླིང་རིག་གནས་ཤུལ་གཞག་གི་མིང་གཞུང་ནང་འཇུག་རྒྱུར་རེ་ཞུ་བྱ་རྒྱུའི་སྐོར་གྱི་གྲོས་འགོ་དེ་ཡིན་པ་དང་། ཁོང་གིས་འདི་ལྟ་བུའི་གྲོས་འགོ་ཞིག་འདོན་དགོས་དོན་ཡང་སྡེ་དགེ་དཔར་ཁང་དེ་ཉིད་བོད་ཀྱི་རིག་གནས་བང་མཛོད་གལ་ཆེན་ཞིག་ཡིན་པའི་ཆ་ནས། དེས་བོད་ཀྱི་རིག་གནས་ཞིབ་འཇུག་ཐད་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་བཟུང་ཡོད། ཡིན་ནའང་མིག་སྔར་སྡེ་དགེ་དཔར་ཁང་གི་སྲུང་སྐྱོབ་བྱ་ཐབས་དེ་ཙམ་འཐུས་སྒོ་ཚང་པོ་མེད་པས། གལ་སྲིད་དེ་ཉིད་འཛམ་གླིང་རིག་གནས་ཤུལ་གཞག་གི་མིང་གཞུང་ནང་རེ་ཞུ་བྱེད་ཐུབ་ཚེ། ད་གཟོད་སྲུང་སྐྱོབ་ཁྲོད་ནས་ང་ཚོའི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་དེ་བས་ཡག་པ་བྱེད་ཐུབ་ཅེས་གསུངས་སོ། །


  • ལེ་ཚན་སྔོན་མ།:ཉམ་ཐག་པའི་ནད་པར་གཅེས་སེམས་རོགས་དངུལ་ཕུལ་ནས་བདེ་དྲོད་སྟེར།
  • ལེ་ཚན་རྗེས་མ།:མཚོ་བོད་ལྕགས་ལམ་གྱི་ཕུག་ལམ་གཉིས་དང་ཟམ་ཆེན་གཅིག་གི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ལོ་འདིར་ལས་འགོ་འཛུགས་རྒྱུར་བརྩོན་ལེན་བྱེད།
  • དོ་སྣང་ཆེ་བའི་རྩོམ།