རྒྱང་རིང་གི་མེ་ཏོག

རྔ་འོད།        2019-01-30

ང་ལ་དབང་བའི་ཞིང་ས་ཆུང་ཆུང་ཞིག་གནས།

ཞིང་ས་དེ་ལ་མེ་ཏོག་ཅིག་འཁྲུངས།

མེ་ཏོ་གཅིག་པུ་དེས།

ངའི་ཞིང་ས་ལ་མཛེས་སྡུག་གི་ཚེ་སྲོག་གནང་།

 

དཔྱིད་དུས་སུ་འཛུམ་མདངས་ཀྱི་འོད་ཟེར་འཕྲོ།

དབྱར་དུས་སུ་བྲོ་གར་གྱི་སྒེག་ཉམས་འཁྲབ།

དགུན་དུས་སུ་ཁ་བའི་མགུལ་རྒྱན་བཏགས།

སྟོན་དུས་སུ་བརྩེ་དུང་གི་འབྲས་བུ་སྨིན།

དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ངའི་མེ་ཏོག་ལ།

ཡིད་སེམས་བཅོམ་པའི་ལྷད་མེད་ཀྱི་ཁྱད་ཆོས་འཛོམས།

 

ནར་སོན་རྗེས།

ངའི་ཞིང་ས་ལ་འཁྲུངས་བའི་མེ་ཏོག་དེ།

ང་ལ་མ་དབང་བར།

གཞན་གྱི་ཞིང་སར་མཛེས་སྡུག་གི་ཁ་དོག་བསྣན།

དེ་ནི་ངའི་ཚེ་མཇུག་གི་འཆི་བདག་འབྱོར་བ་དང་མཚུངས།

མེ་ཏོག་དེ་ངའི་ཞིང་ས་དང་བྲལ་ནས།

ངའི་ཞིང་ས་ནི་ཚེ་སྲོག་མེད་པའི་བེམ་པོ་ཞིག

ངའི་ཞིང་ས་ནི་མཛེས་སྡུག་མེད་པའི་མྱ་ངམ་ཐང་དུ་གྱུར།

 

དེ་ནས་བཟུང་།

ངའི་ཞིང་ས་ལ་ཁེར་རྐྱང་གི་ལོ་ཟླ་འབོད།

མིག་ཆུ་ཡི་རྒྱ་མཚོ་བཏགས།

ན་ཟུག་གི་རྨ་ཁ་ལྗིད།

ཞིང་ས་ལ་ས་བོན་མེད་པས་དུར་ཁྲོད་དུ་གྱུར།

 

ངས་དྲན་གདུང་གི་དབྱངས་རྟ་དཀྲོལ་ནས།

ཁྱེད་ལ་སྙན་ངག་གི་ཕོ་ཉ་བཏང་ན།

ཁྱེད་ནི་སྙན་ངག་གི་ཡང་རྩེར་འབར་པའི་མེ་ལྕེ་ཡིན།

ཁྱེད་ནི་ངའི་ཞིང་ས་ལ་མཁོ་བའི་བརླན་གཤེར་ཡིན།

ཞིང་ས་ཡི་མེ་ཏོག་ལགས།

 

མཚན་མོའི་ལྷིང་འཇགས་ཀྱི་ངོ་གདོང་དུ།

ངས་ཁྱེད་ལ་རྒྱ་རིང་གི་མེ་ཏོག་ཅེས་རྟོགས་བཏགས་བྱས།

ལས་ཀྱི་ཞིང་ས་ནས་འཛོམས་པའི་འཁྲུལ་སྣང་།

སྐྱོ་ཉམས་ཀྱི་ཚིག་རྐང་རེ་ཕུལ།

མི་ཚེ་ནི་སྒྱུ་མ་ལྟ་བུ་ཞིག་ཡིན་ཡང་ཆོག

ཁྱེད་རང་མི་ཡུལ་གྱི་ཞིང་ས་གང་ནས་བཞད་ཀྱང་།

ངས་ཁྱེད་ལ་ཕྱིར་དྲན་གྱི་རི་མོ་འབྲི་ངེས།

 

རྒྱང་རིང་གི་མེ་ཏོག

སེམས་ཀྱི་གཏིང་ལ་ལྷུང་བའི་དགའ་སྐྱོ་ཡིན།

ལང་ཚོའི་འགྱུར་ཁུགས་ཀྱི་རི་ལུང་ཐང་གསུམ་ནས།

ངས་ཁྱེད་ལ་ལ་གཞས་ཀྱི་ཁ་བཏགས་བསྒྲེང་སྲིད།


  • ལེ་ཚན་སྔོན་མ།:ལྟག་སྤྲོད།
  • ལེ་ཚན་རྗེས་མ།:རྒོད་པོ།