ལྟག་སྤྲོད།

གུ་དཔལ་ཤིས།        2019-01-30

ཉོན་མོངས་འགོག་བྱེད་དུ་བཀའ་པོད་ཀྱི་ཆུ་ལོན་བརྩིགས་ནའང་།

ལྟག་ཆུ་ཆད་པའི་རྫིང་བུ་ཇི་བཞིན་གཙང་བོ་རབ་མེད་ཅིག་བྲུག་འདུག

 

དགོངས་དག

 

ཕ་ཡུལ་དང་གཉེན་ཉེ་རིང་དུ་གྱེས་ཤིང་།

རྒྱང་རིང་གི་གྲྭ་ས་བུད་སོང་།

 

ཁྱོད་ཀྱི་རེ་འདུན་ཀྱིས་བཏེགས་པའི་ཁ་བཏགས་ལེན་ཐུབ་ས་མ་རེད།

རྒྱུ་མཚན་སོལ་བས་སྦགས་པའི་ལག་པ་ཞིག་ལས་མེད་པས་ཡིན།

 

བརྙན་ཐུང་ཞིག་ལ་བལྟས་རྗེས།

 

ཁོ་མོས་འཛེམ་དོགས་ཙམ་ཡང་མེད་པར་ཕྱི་ནང་གསང་གསུམ་ཁྱོད་ལ་ཕུལ།

ཁྱོད་ཀྱིས་སྣང་དོགས་ཙམ་ཡང་མེད་པར་ཕྱི་ནང་གསང་གསུམ་གཞན་ལ་བསྒྲགས།

 

དེང་མི།

 

ཁ་བཤད་ལས་ལག་ལེན་གཙོ་དགོས་ཟེར་ནས།

ཁ་ཤོམ་བསྒྲགས། དགག་རྩོམ་བྲིས།

 

ལས་ཀའི་ཡུལ་ངོས་སུ།

ཁྱོད་ཀྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག

 

རྣམ་སྤྲུལ།

 

སྔོན་ཆད་སངས་རྒྱས་གཅིག་ལ་སྤྲུལ་པ་བྱེ་བ་ཕྲག་བརྒྱ་མཆིས་ཀྱང་།

དེང་སང་སྤྲུལ་སྐུ་གཅིག་ལས་ཡོད་མི་ཆོག་དོན་ཅི་ཡིན་ནམ།

 

སངས་རྒྱས་དང་བྱང་སེམས་གཞན་གྱི་ཆེད་དུ་སེམས་བསྐྱེད་ཅིང་།

རང་དོན་ལས་གཉེར་མི་ཤེས་མཁན་དེ་ཚོ་སངས་རྒྱས་ཀྱི་རྣམ་རོལ་ཟེར་ཕོད་དམ།

 

སྐུ་སྐྱེ་གོང་མར་གསུང་པོ་ཏི་བྲག་རི་རྩིག་རྩིག་འདྲ་བཞུགས་ཀྱང་།

སྐུ་སྐྱེ་གཞུག་མ་གསུང་རྩོམ་ལྡེབས་ངོས་ཙམ་ཡང་མཇལ་རྒྱུ་མེད་པ་འདྲ།

 

ཨ་ཁུ་དང་བུད་མེད་བར་གྱི་ཁ་བརྡ།

 

ཨ་ཁུས། ཉིན་རྒྱུན་རྩམ་པ་རྐྱང་བར་ཟོས་པས་འཐུས་སམ།

བུད་མེད་ཀྱིས། ཞིམ་ནི་མ་རེད་ཅེས་ལན་ལྡོན།

 

ཨ་ཁུ་ན་རེ། ནམ་རྒྱུན་ཁྱོ་ག་གཅིག་ཏག་ཏག་སྤྱད་པས་བྲོ་བ་རྨད་དམ།

བུད་མེད། ཅུང་སྨྲ་བ་མེད་པར་བཞིན་མདངས་གྱུར་སོང་།

 

འཁོར་བ།

 

འཇིག་རྟེན་སྐད་ཅིག་ཙམ་ཡང་རྟག་བརྟན་མེད་པ་བཤད་བཤད་པའི་མཐའ་མར།

མི་གཞི་ཚུགས་ཐུབ་བརྟན་པོ་ཞིག་དགོས་ཞེས་སློབ་གསོ་བཏང་།

 

འཁོར་བ་མི་རྟག་པ་རེད་ཅེས་གཞན་ལ་འཆད།

སྣོད་བཅུད་མི་རྟག་པ་རེད་ཅེས་ལུང་རིགས་ཀྱི་སྒྲུབ་བྱེད་བཀོད།

རང་ཉིད་ཡུན་རིང་འདུག་ཆས་ཀྱི་སྟ་གོན་རྒྱ་ཆེན་བྱས།


  • ལེ་ཚན་སྔོན་མ།:འུ་གཉིས་ལ་དཀྲོལ་མ་ཚར་བའི་རོལ་དབྱངས་ཡོད།
  • ལེ་ཚན་རྗེས་མ།:རྒྱང་རིང་གི་མེ་ཏོག