དྲིན་ཕ་མ་ཉི་ཟླ་རྙེད་མེད་ཡིན།

གངས་ཐིགས།        2018-12-14

ཟླ་དགུ་ཞག་བཅུར་ལུས་ལ་ཁུར་བའི་ལུས་ཀྱིས་ངལ་བ་ཁྱད་དུ་བསད།།

དཀར་བཅུད་ནུ་ཞོས་ལུས་ཟུངས་གསོས་ཏེ་མི་བུ་ཞིག་གིས་རྣམ་ཐར་བསྐྱངས།།

ཅ་ཙེ་གོམ་ཙེ་ང་ལ་ཁྲིད་ནས་འགྲོ་འདུག་གོམ་ཁ་དོད་པོར་བཏང་།།

དྲིན་ཆེན་ཨ་མའི་བྱམས་བརྩེ་དྲོད་མོ་གཞལ་མཐའ་བྲལ་བས་མཐའ་མེད་དོ།།

འཁོར་བའི་དཀའ་སྡུག་ཕྲག་ཏུ་བླངས་ནས་རྔུལ་ཆུའི་ཐིགས་པས་ཁྱིམ་གཞི་བསྐྱངས།།

སེན་མགོ་ཁྲག་དང་སེན་སྟེང་རྣག་བྱས་མིང་སྲིང་ངེད་ཚོར་མདུན་ལམ་བཙལ།།

འཚོ་བའི་ལོངས་སྤྱོད་ཅི་དགར་རོལ་བ་དྲིན་ཆེན་ཕ་ལོའི་དཀའ་བའི་ཚེགས།།

ཆུ་བུར་མིག་གི་རྣམ་གཞག་ཡིན་པས་དྲིན་ཆེན་ཕ་ལོ་སྐུ་ཚེ་རིང་།།

མིང་སྲིང་ངེད་ཚོར་གར་འགྲོ་གང་འདུག་མིག་གིས་འཚོས་ཞིང་སེམས་ཀྱི་ཚེགས།།

གཅེས་གཅེས་གཉོར་གཉོར་བྱམས་བརྩེས་བསྐྱངས་བའི་ལོ་ཟླ་དེ་དག་ཁད་ཀྱིས་བརྒལ།།

དཀར་གཙང་གཙང་གི་ཐུགས་རྒྱུད་དྭངས་མོ་ཡོད་ཚད་ངེད་ཚོས་དོན་དུ་བསྒྲོན།།

དྲིན་ཆེན་ཕ་མའི་སྐུ་དྲིན་བསམ་ན་གཞལ་མཐའ་མེད་པས་མིག་མཐའ་ཆུ།།

བརྩེ་བའི་བཅུད་རྩི་ང་ཚོར་གཏམས་པའི་མིང་སྲིང་ངེད་ཚོ་གཉོམ་ལག་རྒྱས།།

ཁ་ལས་རླུང་རྟ་དར་བའི་ཞོར་དུ་དུས་རྒྱུན་ང་ཚོར་སྐྱབས་འཇུག་ཞུས།།

དཀོན་མཆོག་གསུམ་པོས་སྡོང་གྲོགས་མཛོད་ཅེས་ཁ་གཡང་ནམ་རྒྱུན་ཆད་མྱོང་མེད།།

དྲིན་ཆེན་ཕ་མའི་དྲིན་ལན་བསམ་ན་ཡ་ཆུང་ཁོག་པ་འཁྱག་སིབ་སེ།།

དུས་ཀྱི་ལོ་ཟླ་ཐུན་བཞིན་འདས་ཏེ་ཉི་མ་རེ་རེ་ལག་བརྡ་བཞག།

ཡབ་ཡུམ་གཉིས་ཀྱི་དབུ་སྐྲ་ནག་པོར་དུས་ཚོད་རེ་རེར་དཀར་ཐིག་ལྷུང་།།

མིག་ཟུང་རྒྱལ་མོ་ཕྱེ་ཙམ་བྱས་ནས་ཡབ་ཡུམ་གཉིས་ཀྱི་གདོང་ལ་བལྟས།།

རྒས་རྟགས་མངོན་པའི་ངང་ཚུལ་མཐོང་ན་ཡ་ཆུང་ཁོག་པ་སྐྱོ་ལྷང་ངེ་།།


  • ལེ་ཚན་སྔོན་མ།:དྲན་པའི་རྒྱ་རུ་བཞུགས་པའི་ཆུང་འདྲིས།
  • ལེ་ཚན་རྗེས་མ།:དྲན་པར་ཁེན་པའི་རྟོག་འགྱུ།