ཐང་ནག་གིས་ལོ་ཀ་འཚོལ་བ།

ཐང་ནག        2018-11-16

དབྱར་གྱི་རྔ་མ་གྲང་གིས་བསྡམས་པ་སྟེ།།

གྲང་ངར་རྒོད་པོ་ཁ་བ་བརྫུས་མགོ་བརྩམ།།

མི་སེམས་དྲོན་མོར་ཁ་བས་བརླན་བརླན་ནས།།

མིག་ཆུའི་མཐའ་རུ་བུ་ཡུག་འཚུབ་པ་བྱུང་།།

 

མིག་ཆུ་དྭངས་མོ་ཁ་བ་སྤྲུལ་ནས་སོང་།།

གདོང་གི་གཡས་གཡོན་བརྒྱུད་དེ་ལུད་པར་བྱས།།

སྐྱེ་ཡུལ་གཞས་སུ་བཏབས་པའི་དབྱངས་རིས་ཤིག།

སྡུག་གི་ཐང་ལ་དྲུད་ནས་སོང་བ་ཡིན།།

 

སྙིང་གི་མི་ལ་སེམས་པ་ཤོར་བ་ན།།

ཤི་བའི་སྡུག་བསྔལ་སེམས་ལ་བྱུང་བ་ཡོད།།

ལྷག་པར་དགའ་བ་གཞན་གྱིས་མ་ཚོར་ན།།

སྡུག་ལ་སྡུག་བསྔལ་རྐྱང་རྐྱང་བཙལ་ཏེ་འགྲོ།།

 

སྐབས་འགར་ཁ་ཡག་ཚིག་བཟང་བཤད་ན་ཐང་།།

སྤྲོ་བ་འབུམ་གྱི་ཡིད་ཆེས་སྟེར་ན་ཡང་།།

ལན་རེ་མགོ་གཡོག་རྩེད་ཆས་བྱས་པ་ན།།

ཨ་ཐང་ཆད་ནས་མགོ་བོ་ཆོག་པར་དཀའ།།

 

མི་ཚེ་ཐུང་ཐུང་སེམས་པ་ཆུང་ཆུང་ལ།།

ལས་ཀྱི་བྱམས་པ་འཁྲུལ་བའི་རྨི་ལམ་ཡིན།།

རྨི་ལམ་འཇའ་ཡིས་བསླུས་པའི་སྙིགས་མ་ལ།།

སྡུག་བསྔལ་སོ་སོ་ཁྱེར་ནས་སོ་སོར་འགྲོ།།

 

ཕྱིར་མིག་འའཕངས་ཏེ་གྱེས་ནས་འགྲོ་བ་ལ།།

སེམས་ཀྱི་ཕྱི་ཤུན་བྲད་འདྲའི་ན་ཟུག་དེ།།

མིག་ཆུ་སྟོན་ལོ་འདྲ་བ་ཐུར་དུ་འཐོར།།

པང་ཁེབས་ནག་པོའི་སྟེང་དུ་ཤོང་བར་དཀའ།།

 

ཆུ་བོ་རྟག་ཏུ་འབབ་པ་ཆད་རྒྱུ་མེད།།

རི་བོ་རྟག་ཏུ་མཐོ་བ་འཇིག་པ་མེད།།

ང་ཡིས་རུས་པ་དེ་ལྟར་མ་ཡིན་ཏེ།།

རླུང་བུའི་ཁྲོད་ཀྱི་མར་མེ་ཁེར་རྐྱང་ཡིན།།

 

ཐད་ཀའི་འཇིག་རྟེན་ཡར་མར་གཡེང་ས་ཡིན།།

ལས་ཀྱི་གཤིན་རྗེ་འཇིག་པ་ཡོད་མ་ཡིན།།

རང་ལ་བློ་སེམས་དཀར་བའི་མཆོག་གསུམ་ལ།།

ད་ནི་ཁྱེད་ལ་བཅོལ་ནས་འབད་པ་ཡིན།།

 

མདུན་གྱི་རི་ལ་བསྐོར་བ་བྱས་བྱས་ནས།།

ད་ནི་བདེ་སྐྱིད་ཁམ་གང་ལེན་པར་འོས།།

སུན་ཐག་ཆད་ནས་ཐ་མར་དྲན་རྒྱུ་ནི།།

དབེན་པའི་ན་བུན་དབྱིངས་སུ་འཛེགས་པར་བསམ།།

 

ཕྱེ་ལེབ་ཆུང་ཆུང་མེ་ཏོག་སྦྲང་རྩིར་ཆགས།།

དགུན་གྱི་དུས་ན་འཆི་བའི་ཁ་དོག་འཆར།།

དབྱར་གྱི་བདེ་བ་གྲང་གིས་བཅོམ་བྱས་ནས།།

འཁོར་བའི་ཚང་འདི་འཁྲུལ་བའི་རྨི་ལམ་རྟོགས།།

 

ལོ་གཅིག་གོས་གཅིག་གྲོགས་གཅིག་འགྲོགས་པ་ལ།།

རྟ་ཕོ་རྒོད་པོ་ཞོན་ནས་འགྲོ་བར་འདྲ།།

མི་སེམས་རྨི་ལམ་ཁོག་པ་བཅོ་བརྒྱད་ལ།།

སྐྱོ་བ་རྐང་ལ་ཟུག་ན་ཐུབ་པ་ཡིན།།

 

ཐུབ་སྐུ་སེར་པོ་ལུས་ན་ཁྱེར་བ་དེས།།

སྐྱེ་འཆི་འདུ་འབྲལ་ཁ་ཐོག་འཁོར་ལོ་ཡིན།།

འཇིག་རྟེན་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ།།

ལམ་གྱི་གཞི་མདོ་འདི་རུ་ཀྲོང་ངེ་འགྲེང་།།

 

ལོ་ཀའི་ཞིང་ན་རི་ཆུ་རླུང་གསུམ་ཡོད།།

ལས་ཀྱི་འཁོར་བ་ཉི་མ་ཟླ་བ་ཡིན།།

བདེན་པ་ཆེན་པོས་ཐུབ་པས་མཐོང་སྣང་ལ།།

གྱང་གི་སྟེང་དུ་རི་མོ་བཀོད་པ་སྣང་།།

 


  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་མཛེས་ལྗོངས།
  • ལེ་ཚན་རྗེས་མ།:ཕ་ཡུལ་དང་དར་ལྕོག