ཆུང་གཞོན་རྒས་གསུམ་གྱི་ལོ་རྒྱུས་དྲན་པའི་གླུ་ཆུང་།

        2018-09-27

     

ཆུང་གཞོན་རྒས་གསུམ་གྱི་ལོ་རྒྱུས་དྲན་པའི་གླུ་ཆུང་།

    ང་ཆུང་གི་ལོ་རྒྱུས་བཤད་རྒྱུ་འདུག། ཆུང་ཨ་ཐིག་རྩེད་མོ་རྩེ་དུས་རེད།། ཡང་ཐིག་རྩེ་གར་ལེན་དུས་རེད།། ཨ་མའི་ནུ་མ་ནུ་དུས་རེད།། མ་པང་འགྲེ་ལོག་རྒྱག་དུས་རེད།། འོ་མའི་ཚིག་མ་ཟ་དུས་རེད།། མིང་ལ་ཨ་བུ་བཏགས་དུས་རེད།། པང་ཐོག་གཅེར་རྒྱུག་བྱེད་དུས་རེད།། མདའ་གཞུ་མདེའུ་ཆུང་བཟོ་དུས་རེད།། བྱེའུ་ཆུང་འབེན་ལ་བཞག་དུས་རེད།། འདི་མ་བྱེད་ཟེར་བ་བྱེད་དུས་རེད།། ང་ཆུང་གི་ལོ་རྒྱུས་དེ་འདྲ་ཡིན།། ད་གཞོན་གྱི་ལོ་རྒྱུས་བཤད་རྒྱུ་ཡོད།། ཕོ་སར་ཚང་གི་རྒོད་དུས་རེད།། མང་པོས་རེ་བ་བཅའ་དུས་རེད།། འཛིང་ན་དཔུང་པ་ངོམ་དུས་རེད།། བཤད་ན་སྨྲ་བརྗོད་མཁས་དུས་རེད།། རལ་པ་གཡུ་ཡིས་བརྒྱན་དུས་རེད།། ད་རྒས་ཀྱི་ལོ་རྒྱུས་བཤད་རྒྱུ་ཡོད།། སྔ་དུས་ད་དུས་མི་འདྲ་འདུག། ད་དུས་དེང་སང་མི་འདྲ་འདུག། མགོ་སྐྲ་ལོ་ཕོ་རོག་དམ་ག་དེ།། དེང་སང་ལ་ཁའི་རྩྭ་ཕུང་འདྲ།། ཡ་ཐོད་དངུལ་དཀར་མེ་ལོང་དེ།། དེང་སང་གཉེར་མའི་བུང་བ་ཆགས།། དུང་སོ་དཀར་མོ་སུམ་ཅུ་དེ།། དེང་སང་ས་མདོའི་གྱང་རལ་འདྲ།། ཁོ་འགྲོ་ང་འདུག་ཟེར་གྱི་འདུག། མཐེབ་མོ་མར་དཀར་སྤུ་ལུ་དེ།། དེང་སང་སྨན་ཁུག་སྟོང་པ་འདྲ།། བྱ་ལ་འཇབ་པའི་འགྲོ་ལུགས་འདྲ།། ས་རྡོ་ཆད་པའི་འདུག་ལུགས་འདྲ།། འཁུམ་མེར་འགྲོ་དུས་གཅིན་སྐྱག་ཤོར།། བུ་རྒྱུད་ཡིན་ཡང་ཞེ་ཁ་ལོག། ཆུང་མ་ངན་པས་ཕུད་རྒྱག་བྱས།། རྒས་ཀྱི་ལོ་རྒྱུས་དེ་འདྲ་འདུག། ཡང་ད་རུང་དེ་ཡིས་མི་ཚད་འདུག། ངས་ཉོན་ན་རྣ་བས་མི་གོ་འདུག། ཡང་ཉོན་བྱས་ན་འོང་སྒྲ་གྲགས།། ཡང་དྲི་བཟོས་ན་ཁ་ངན་རག། བལྟས་ན་མིག་གིས་མི་རིག་འདུག། བལྟ་ཡག་བཟོས་ན་འོད་ཆགས་ཆགས།། ཡང་བལྟ་བཟོས་ན་མཆི་མ་འཁོར།། ཟོས་ན་སོ་ཡིས་མི་ཆོད་འདུག། ཡང་མུར་བཟོས་ན་སྐན་ཤ་གཟེར།། མིད་ན་མཆིན་པའི་ཐོག་ལ་ཕོག། སོང་ན་གོམ་ཟོ་མི་ཟོན་འདུག། ཛོ་གེ་ལངས་དུས་གོ་གེ་འགྲིལ།། ད་རྒས་ཀྱི་ལོ་རྒྱུས་དེ་འདྲ་ཡིན།། གླུ་དེ་ཚོ་མ་བརྗེད་སེམས་ལ་ཞོག། ད་འཕགས་པའི་དགེ་འདུན་ཐམས་ཅད་རྣམས།། ཐུགས་མཐུན་ཁྲིམས་གཙང་ཡོང་བར་ཤོག། རྒྱལ་བློན་མི་དཔོན་ཐམས་ཅད་རྣམས།། ཁྲིམས་སྲིད་རྒྱུ་འབྲས་དྲང་བར་ཤོག། ངས་བསམ་པ་དཀར་པོའི་སྨོན་ལམ་འདེབས།། བཏབ་པ་ཙམ་གྱིས་འགྲུབ་པར་ཤོག། ཅེས་པད་སྙིང་ཐོས་མཆོག་གིས་བཤད་པ་ལྟར། རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཆུ་འབྲུག་ཐ་སྐར་ཟླ་བའི་ཚེས་ཉེར་གཉིས་ལ་སྐྱིད་སོས་ཡག་མདོ་ནས་བྲིས་པ་དགེའོ།།

  • ལེ་ཚན་སྔོན་མ།:ཚེ་མི་རྟག་པ་སྒོམ་པའི་གླུ་ཆུང་།
  • ལེ་ཚན་རྗེས་མ།:ལི་ཐང་བཞག་པ་ཡུལ་གྱི་བྲོ་ཚིག་ཕྱོགས་བསྡུས།