ཁམས་ལི་ཐང་ཡུལ་ལ་བསྐུར་བའི་རྩོམ་བརྡ་གལ་ཆེན།

        2018-09-13

ཚང་མས་མཁྱེན་གསལ་ལྟར། 《ཁམས་པའི་འཛུམ་རིས》ནི་དཀར་མཛེས་ཚགས་པར་ཁང་གིས་གཉེར་བཞིན་པའི་ཡུན་རིང་གི་ལོ་རྒྱུས་ལྡན་པའི་དུས་དེབ་གྲགས་ཅན་ཞིག་ཡིན། འདི་ཉིད་གངས་ཁ་བའི་ཞིང་གི་དམངས་སྲོལ་རིག་གནས་ཀྱི་འཛུམ་དཀར་འཁྱིལ་ཞིང་སྲིད་འབྱོར་རིག་གསུམ་གྱི་ཞབས་རྗེས་གསལ་བའི་སྔར་མེད་ཀྱི་དུས་དེབ་སྤུས་ལེགས་ཤིག་ཏུ་གྱུར་ཡོད་པས། ཤེས་རབ་ཀྱིས་ཐུགས་བལྟམས་པའི་མཁས་དབང་དང་ཉམས་མྱོང་གིས་དཔངས་མཐོ་བའི་རྒན་རབས་དག་གིས་མཐོང་ཆེན་དང་གདེང་འཇོག་གནང་གིན་ཡོད་པ་རེད། ཁམས་པའི་འཛུམ་རིས་ཀྱི་གོམ་སྟབས་ནི་ཕྱོགས་དང་རིས་སུ་མ་ཆད་པར་བོད་མདོ་དབུས་ཁམས་གསུམ་གྱི་ས་ཕྱོགས་སོ་སོ་རུ་ཕྱོགས་མེད་དུ་སྤོ་ཤེས་པའི་དེང་རབས་བརྡ་འཕྲིན་དུས་རབས་ཀྱི་དུས་སྐབས་ཤིག་གི་ཕོ་ཉ་གལ་ཆེན་ཞིག་ཡིན། ཁོས་གང་ཞིག་ན་མི་རིགས་རིག་གནས་ཀྱི་རྫོང་བཙན་ལ། གང་ཞིག་ན་དམངས་ཁྲོད་རིག་གནས་ཀྱི་མཁར་བརྟན་ན་དེ་རུ་ཞག་སྡོད་ཀྱིས་ཁོམ་ལྷང་ལྷང་གི་སྙིང་གཏམ་དང་ལྗིད་ཏིག་ཏིག་གི་སེམས་གཏམ་གང་མང་ལྷུག་པོར་གྲོལ་ལ། ཁོ་འགྲོ་རན་ཁར་ཁྱེད་ཀྱི་སྣོད་བཅུད་ཀྱི་མཛེས་སྡུག་དང་དམངས་སྲོལ་གྱི་རིག་གནས་དག་རིགས་མཐུན་གྱི་ཕུ་ནུ་མོ་སྨན་དག་ལ་ལྟད་མོར་བཤམས་ཤིང་ཕྱི་རབས་གཞོན་སྐྱེས་དག་ལ་ངར་ཤུགས་བསྩལ་ཏེ་མེས་པོ་གོང་མ་རྣམས་ཀྱི་བཀའ་དྲིན་དྲན་ཤེས་ཤིང་དཔེ་བལྟ་ཐུབ་པ་རེ་འབྱུང་ན་དེ་ནི་ཁོས་གོམ་པ་རེ་རེ་ཨུ་ཚུགས་ཀྱིས་སྤོ་བའི་དམིགས་ཡུལ་དང་འདུན་པ་ཡང་དེ་ག་རང་ཙམ་གྱིས་འགྲུབ་ཡོང་།

ད་ལོའི་ཟླ་བརྒྱད་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གཉིས་པ་དང་ལི་ཐང་ཡུལ་གྱི་བརྒྱད་པའི་རྟ་རྩལ་དུས་ཆེན་གཉིས་དུས་གཅིག་ཏུ་ཁེལ་བ་དང་བསྟུན། དཀར་མཛེས་ཚགས་པར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་པ་མང་པོ་ཞིག་ཀྱང་ལི་ཐང་དུ་ཕེབས་ནས་དུས་ཆེན་ལ་ཞུགས་པ་དང་མཉམ་དུ། ས་གནས་འདིའི་དམངས་སྲོལ་རིག་གནས་སོགས་ཐུན་མོང་མ་ཡིན་པའི་རིག་གནས་དག་ལ་རྒྱུས་ལོན་ངེས་ཅན་བྱུང་བ་དང་། སྔོན་བྱོན་གྱི་སྐྱེས་བུ་དམ་པ་མང་པོའི་ཞབས་རྗེས་བཀོད་མྱོང་སའི་གནས་འདིའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གང་ལ་བལྟས་ཀྱང་གཞན་ལས་ཁྱད་དུ་འཕགས་པར་ཀུན་གྱིས་བསྔགས། དེ་བས། དཀར་མཛེས་ཚགས་པར་ཁང་གི་དགེ་རྒན་དམ་པ་རྒྱལ་ལྡོང་ཨོ་རྒྱན་དོན་གྲུབ་མཆོག་གི་མངགས་བཅོལ་ལྟར། ད་ཐེངས་ངེད་ཁམས་ལི་ཐང་ཡུལ་གྱི་དམངས་སྲོལ་རིག་གནས་འཚོལ་སྡུད་ཚོ་ཆུང་གིས་ཁམས་ལི་ཐང་ཡུལ་གྱི་ས་ཆའི་སྣོད་བཅུད་ཀྱི་མཛེས་སྡུག་དང་གནས་རིའི་གནས་བཤད། མི་སྣའི་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། དམངས་ཁྲོད་ཀྱི་གཏམ་རྒྱུད། མེས་པོའི་བཟོ་རྩལ། བཤད་སྒྲུབ་ཀྱི་སྡེ་དར་འཕེལ། ཐུན་མིན་གྱི་བཟའ་བཏུང་རིག་གནས་སོགས་ཀྱི་ལོ་རྒྱུས་སམ་ཕྱག་རྩོམ་བསྡུ་རིག་བྱེད་བཞིན་ཡོད་པས། སྤྱིར་ལི་ཐང་ལ་ཆ་རྒྱུས་མངའ་བའི་རྩོམ་པ་པོ་རྣམ་པ་དང་། སྒོས་སུ་ལི་ཐང་གི་རྩོམ་པ་པོ་རྣམས་ཀྱིས་གོང་གསལ་གྱི་ཁ་ཕྱོགས་དང་མཐུན་པའི་ཕྱག་རྩོམ་རེས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། འདི་ལྟར་རྩོམ་ཡིག་རྣམས་ཕྱོགས་བསྡུས་བྱས་ཏེ་ཁམས་པའི་འཛུམ་རིས་སུ་དགོད་ན་ཡུལ་ལུང་འདིའི་ཉམས་རྒུད་དུ་འགྱུར་བཞིན་པའི་རིག་གནས་དག་སླར་གསོ་དང་། ཕྱི་རབས་པ་ཚོར་གནང་བའི་ལོ་རྒྱུས་ཀྱི་མེ་ལོང་ལྟ་བུ་ཞིག་ཡིན་པས། ཕ་ཡུལ་ལ་བཞག་པའི་མཛད་རྗེས་སམ་མི་ཡུལ་ལ་སྦྱིན་པའི་ཟས་རིན་ཞིག་ཀྱང་ཅི་ལ་མིན། 


རྩོམ་བསྡུའི་དུས་ཡུན།

2018ལོའི་ཟླ9ཚེས5ནས2018ལོའི་ཟླ10ཚེས20བར་ཡིན།

ཡིག་ཟམ། 

2779187957@qq.com

འབྲེལ་ཡུལ།

གཙང་ཞོགས་སྤྲིན། ཁ་པར་ཨང་གྲངས། 13684499313

སྒོ་འཛུལ་ཕུར་འཇུག ཁ་པར་ཨང་གྲངས། 18482133444

ཁམས་ལི་ཐང་ཡུལ་གྱི་དམངས་སྲོལ་རིག་གནས་འཚོལ་སྡུད་ཚོ་ཆུང་གིས་སྤེལ།


དཔེ་མཚོན་གྱི་འདྲ་པར་ཁག་གཅིག


ཁམས་ལི་ཐང་ཡུལ་ལ་བསྐུར་བའི་རྩོམ་བརྡ་གལ་ཆེན།
ཁམས་ལི་ཐང་ཡུལ་ལ་བསྐུར་བའི་རྩོམ་བརྡ་གལ་ཆེན།
ཁམས་ལི་ཐང་ཡུལ་ལ་བསྐུར་བའི་རྩོམ་བརྡ་གལ་ཆེན།
ཁམས་ལི་ཐང་ཡུལ་ལ་བསྐུར་བའི་རྩོམ་བརྡ་གལ་ཆེན།

རྩོམ་སྒྲིག་པ་མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དུས་དེབ«གངས་དཀར་རི་བོ»ཀློག་པ་པོ་དང་ལྷན་དུ་འཛོམས།
  • ལེ་ཚན་རྗེས་མ།:གངས་ཐིག་མཚམས་སུ་རྒྱུ་བའི་སྦྲག་སྲིད་ཁ་ལོ་བ་འཆི་མེད་རྡོ་རྗེ།
  • དོ་སྣང་ཆེ་བའི་རྩོམ།