གངས་ཐིག་མཚམས་སུ་རྒྱུ་བའི་སྦྲག་སྲིད་ཁ་ལོ་བ་འཆི་མེད་རྡོ་རྗེ།

བདེ་ཆེན་དབང་མོས་བྲིས།        2018-09-14

   

གངས་ཐིག་མཚམས་སུ་རྒྱུ་བའི་སྦྲག་སྲིད་ཁ་ལོ་བ་འཆི་མེད་རྡོ་རྗེ།

     སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་དམིགས་བསལ་གྱི་ལམ་ཞིག་ཡོད་པ་དེ་ནི་ཁྲོན་བོད་གཞུང་ལམ་གྱི་ལམ་ཐིག་དར་མདོ་ནས་སྡེ་དགེ་བར་གྱི་སྦྲག་སྲིད་གཞུང་ལམ་རེད། ལམ་ཐིག་དེའི་ཐོག་སི་ཁྲོན་ནས་བོད་ཁུལ་དུ་བསྐུར་དངོས་སྐྱེལ་འདྲེན་བྱེད་མཁན་གྱི་རླངས་འཁོར་ཞིག་ས་ཁད་ཆ་སྙོམས་མཚོ་འཕགས་སྨི3500ཡོད་པའི་གཞུང་ལམ་སྤྱི་ལེ1208སྦྲག་སྲིད་ལམ་ཐིག་བརྒྱུད་ནས་བགྲང་བྱ་དུ་མ་འདས།  གཞུང་ལམ་འདི་ནི་མཚོ་འཕགས་མཐོ་བར་མ་ཟད་ཉེན་ཁ་ཧ་ཅང་ཆེ་བ་དང་། ཁྱད་པར་དུ་སྡེ་དགེ་ཁྲོ་ལའི་ཐོག་ལོ་གཅིག་གི་དབྱར་ཁ་ཕུད་པའི་དུས་ཚིགས་གསུམ་པོར་གངས་དང་འཁྱགས་རོམ་གྱིས་ཁེབས་ཤིང་། ལམ་འདི་རུ་འགྲོ་འོང་བྱེད་སྐབས་གཟབ་གཟབ་མ་བྱས་ན་འགྲིམ་འགྲུལ་ཆག་སྒོ་བྱུང་ནས་རླངས་འཁོར་བྲག་རི་གཡང་གཟར་དུ་ལྷུང་ཉེན་ཡོད་པ་ནི་དུས་རྒྱུན་གྱི་གནས་ཚུལ་ཡིན་པར་བརྟེན།  ལམ་ཚད་དུམ་བུ་འདི་ལ་མི་ཚང་མས་གངས་ཐིག་ཏུ་བརྒྱུད་པའི་སྦྲག་སྲིད་ལམ་ཞེས་ཟེར་སྲོལ་ཆགས་པ་རེད།

      ལོ29ལྷག་གི་རིང་ལ་འདི་འདྲའི་ཉེན་ཁ་ཆེ་བའི་གཞུང་ལམ་ཐོག་ལྗང་མདོག་ཅན་གྱི་སྦྲག་སྲིད་རླངས་འཁོར་ཞིག་གིས་བསྐུར་དངོས་དང་ཚགས་པར། ད་དུང་ཀྲུང་གོའི་སྦྲག་སྲིད་པར་ཡོད་པའི་བསྐུར་དངོས་དག་འཁྱེར་ཏེ་གྲོང་སྡེ་དང་ཁ་པར་བརྡ་རྟགས་མེད་པའི་རི་ཁུག་དང་འབྲོག་ཁུལ་གཅིག་ཀྱང་མ་ལུས་པར་དུས་ཐོག་ཏུ་སྐྱེལ་མཁན་གྱི་ཕོ་རྒོད་ལས་བརྩོན་ཅན་ཞིག་ཡོད་ཅིང་། ཁོ་ནི་སྡེ་དགེ་རྫོང་ལྕང་ར་ཤང་གི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པའི་འཆི་མེད་རྡོ་རྗེ་ཟེར་བ་དེ་རེད། ཁོ་རང་ཆུང་བྱིས་པའི་དུས་སུ་བོད་ཁུལ་དུ་རླངས་འཁོར་ཧ་ཅང་དཀོན་པོ་ཡིན་པས་མིག་ལམ་མཐོང་རྒྱུ་ནི་ལྗང་མདོག་ཅན་གྱི་དམག་སྤྱོད་རླངས་འཁོར་དང་སྦྲག་སྲིད་རླངས་འཁོར་ཁོ་ན་ཡིན་པར་བརྟེན། ཆུང་བྱིས་པའི་དུས་ནས་རླངས་འཁོར་དེ་རིགས་ལ་ཐུན་མིན་གྱི་དགའ་ཞེན་ཆགས་པ་རེད། རང་ལོ18ལ་སོན་པའི་སྐབས་སུ་ཁོས་སྒོར་མོ་གཅིག་གི་རིན་ཅན་གྱི༼ རླངས་འཁོར་ཞིག་གསོ་དང་གྲུབ་ཚུལ༽ ཞེས་པའི་དཔེ་དེབ་གཅིག་ཉོས་ཏེ་རླངས་འཁོར་ཞིག་གསོ་བྱེད་སྟངས་སློབ་སྦྱོང་བྱེད་འགོ་ཚུགས། རིམ་བཞིན་དགའ་ཁ་འཁྱེར་ཕྱོགས་དང་བརྩོན་སེམས་དེའི་དབང་གིས་རླངས་འཁོར་ཞིག་གསོ་བྱེད་ཤེས་པས་མ་ཚད་རླངས་འཁོར་གཏོང་ཡང་ཤེས་པའི་ཁ་ལོ་བ་ཞིག་ཏུ་གྱུར།

གངས་ཐིག་མཚམས་སུ་རྒྱུ་བའི་སྦྲག་སྲིད་ཁ་ལོ་བ་འཆི་མེད་རྡོ་རྗེ།

      1989ལོའི་སྤྱི་ཟླ10པར་སྡེ་དགེ་རྫོང་སྦྲག་སྲིད་གློག་འཕྲིན་ཁང་གིས་སྦྲག་སྲིད་རླངས་འཁོར་ཞིག་ཉོས་ནས་རྫོང་ཡོངས་སུ་ཁ་ལོ་བ་ཞིག་བསྡུ་རྒྱུའི་སྤྱི་བསྒྲགས་བཀྲམ། ཁོས་དེ་རུ་མིང་ཐོ་འགོད་རྒྱུའི་གོ་སྐབས་བྱུང་།མིང་ཐོ་འགོད་མཁན་གྱི་མི་ཚོགས་ཧ་ཅང་མང་ནའང་འཆི་མེད་རྡོ་རྗེས་རླངས་འཁོར་གཏོང་ཤེས་པས་མ་ཚད་རླངས་འཁོར་ཞིག་གསོ་ཡང་ཚད་ལ་རན་པ་ཞིག་བྱེད་ཤེས་པས་ཐེངས་དེའི་སྦྲག་སྲིད་ཁང་གི་སྦྲག་སྲིད་ཁ་ལོ་བར་རྒྱུགས་འཕྲོད། དུས་དེ་ནས་བཟུང་ཁོའི་མི་ཚེ་ལ་འགྱུར་བ་བྱུང་ནས་སྦྲག་སྲིད་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བ་ཞིག་ཏུ་གྱུར་ཞིང་མི་ཚེའི་གོམ་པ་སྦྲག་སྲིད་ལམ་བུའི་ཐོག་སྤོ་མགོ་བཙུགས། རིམ་རྩིས་བྱས་ན་དཀར་མཛེས་ནས་སྡེ་དགེ་བར་དུ་འགྲོ་འོང་ཐེངས6000ལྷག་དང་ལམ་ཐག་སྤྱི་ལེ་ཁྲི140ལྷག་བརྒྱུད་མྱོང་ཞིང་། དེ་ནས་སྡེ་དགེ་ནས་དར་མདོའི་བར་དུ་བསྐྱོད་པའི་སྦྲག་སྲིད་རླངས་འཁོར་གྱི་ཁ་ལོ་བ་ཞིག་བྱས་ཤིང་དཀར་མཛེས་རྫོང་སྦྲག་སྲིད་ཡན་ལག་སྤྱི་གཉེར་ཁང་གི་སྦྲག་སྐྱེལ་རླངས་འཁོར་ཚོ་ཆུང་གི་འགོ་འཛིན་པའི་འགན་ཡང་འཁུར། དེ་ལྟར་ཁོས་བགྲང་བྱ29ཡི་རིང་ལ་མི་རྣམས་ཀྱི་གངས་ཐིག་ལམ་ཞེས་པའི་ཁྲོན་བོད་ལམ་གྱི་དར་མདོ་ནས་སྡེ་དགེའི་བར་དུ་བསྐྱོད་ཅིང་། ཏང་དང་ཀྲུང་དབྱང་གི་སྲིད་ཇུས་ཀྱི་ཡིག་ཆ་བཟང་པོ་བོད་ཁུལ་དུ་བསྐྱེལ་ཞིང་གོང་ཀྲུང་དབྱང་དང་འོག་མི་སེར་གྱི་བར་ལ་འབྲེལ་ཟམ་བསྐྲུན་པར་མ་ཟད།མཚོ་བོད་མཐོ་སྒང་དང་མེས་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་བར་དུ་མཉམ་འབྲེལ་གྱི་བྱས་རྗེས་བཟང་པོ་བཞག་པ་རེད།

གངས་ཐིག་མཚམས་སུ་རྒྱུ་བའི་སྦྲག་སྲིད་ཁ་ལོ་བ་འཆི་མེད་རྡོ་རྗེ།

      1999ལོར་འཆི་མེད་རྡོ་རྗེ་སྡེ་དགེ་རྫོང་སྦྲག་སྲིད་གློག་འཕྲིན་ཁང་ནས་དཀར་མཛེས་སྦྲག་སྲིད་རླངས་འཁོར་ས་ཚུགས་སུ་ལས་གནས་སྤོ་བས་དཀར་མཛེས་ནས་སྡེ་དགེ་བར་གྱི་སྦྲག་སྲིད་ལམ་དུ་བསྐྱོད་དུས་ནི་གངས་ཐིག་གི་སྦྲག་སྲིད་ལམ་སྟེང་གི་མཚོ་འཕགས་ཆེས་མཐོ་བ་དང་ལམ་ཧ་ཅང་ཞན་པའི་མཚོ་འཕགས་སྨི5050ཡོད་པའི་སྡེ་དགེ་ཁྲོ་ལ་ཉག་ག་བརྒལ་དགོས་པ་རེད།

      ཁོས་ངས་ལོ29ཡི་རིང་ལ་སྦྲག་སྲིད་ལམ་བུ་འདི་བརྒྱུད་ནས་གྲོགས་མེད་ཁེར་རྐྱང་ངང་བསྐྱོད་དགོས་པའི་ལས་དབང་འདི་བདམས་པར་བློ་འགྱོད་ཅིག་གཏན་ནས་སྐྱེས་མ་མྱོང་ཞིང་། གངས་ཐིག་གི་སྦྲག་སྲིད་ལམ་ཞེས་གྲགས་པའི་ལམ་བུ་འདི་ནི་ངའི་མི་ཚེའི་ལམ་བུ་ཡིན་ཞེས་བཤད་པ་རེད།

གངས་ཐིག་མཚམས་སུ་རྒྱུ་བའི་སྦྲག་སྲིད་ཁ་ལོ་བ་འཆི་མེད་རྡོ་རྗེ།

       ལོ29ཡི་རིང་ལ་ཁ་ལོ་བའི་འཇོན་ནུས་ལག་རྩལ་བྱང་ཆུབ་པར་བརྟེན་ནས་འགྲིམ་འགྲུལ་དོན་རྐྱེན་ཐེངས་གཅིག་ཀྱང་བུད་མ་མྱོང་བ་དང་ཁོང་གིས་ཚེ་སྲོག་དཔང་དུ་བཙུགས་ཏེ་ཁྲོན་བོད་སྦྲག་སྲིད་གཞུང་ལམ་གྱི་སྐྱེལ་འདྲེན་གེགས་མེད་ཤར་གཏོང་ཐུབ་པ་དང་། ལྷག་བསམ་རྣམ་དག་གིས་ཀྲུང་གོའི་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་ལས་བརྩོན་སྐྱེས་འབུལ་བྱས་པར་བརྟེན། འཆི་མེད་རྡོ་རྗེས་འོས་འགན་གསང་ཡིག་སྐྱེལ་མཁན་ཞིག་ཏུ་གྱུར་པ་དང་། རྩོད་པ་དང་གཙུབ་བརྡར་གང་དུ་བྱུང་ན་ཡང་ཁོ་བོ་ནི་མི་དམངས་ཀྱི་འདུམ་འགྲིག་པ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད། ཁོའི་སྦྲག་སྲིད་རླངས་འཁོར་ནང་དུས་རྒྱུན་དུ་དབྱང་རླུང་གི་སྣོད་ཆས་དང་སྲོ་ལོ་དམར་པོ། ཤ་ཀམ་སྨན་བཅས་འཁུར་ཏེ་གངས་རླུང་འགོག་ལམ་དང་དཀར་ཚེགས་འཕྲད་པའི་འགག་རྩའི་དུས་ལ་ཆ་རྒྱུས་མེད་པའི་མི་བརྒྱ་ལྷག་གི་ཚེ་སྲོག་བསྐྱབས་མྱོང་། མི་རྣམས་ཀྱིས་ཁོ་ལ་གངས་རིའི་སྟེང་གི་གླག་རྒོད་དང་གངས་ལྗོངས་ཀྱི་ཕོ་ཉ་ཞེས་པའི་མཚན་སྙན་གསོལ་བ་རེད།

      འཆི་མེད་རྡོ་རྗེ་དུས་རྒྱུན་ཁ་ཐོག་བཤད་རྒྱུ་ནི་རང་ཉིད་ཀྱི་ཆེས་དགའ་བའི་ཁྱིམ་མི་དང་ལས་གྲོགས་ཕུད་རྗེས་གངས་ཐིག་གི་སྦྲག་སྲིད་ལམ་རྒྱུད་ཀྱི་ལམ་བཅོས་ས་ཚུགས་ཀྱི་སྤུན་ཟླ་ཚོ་ཡིན། ལམ་བཅོས་ས་ཚུགས་ཀྱི་བཟོ་པས་བཤད་རྒྱུར་འཆི་མེད་རྡོ་རྗེ་ནི་ཁོ་ཚོའི་ཕོ་ཉ་དང་གཉེན་ཉེ་ཡིན།

གངས་ཐིག་མཚམས་སུ་རྒྱུ་བའི་སྦྲག་སྲིད་ཁ་ལོ་བ་འཆི་མེད་རྡོ་རྗེ།

       2017ལོའི་སྤྱི་ཟླ9པར། དུས་ཡུན་ལོ5ཡི་རིང་ལ་ཁྱོན་བསྡོམས་རིང་ཚད་སྤྱི་ལེ7གྱི་སྡེ་དགེ་ཁྲོ་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་རེད། རླངས་འཁོར་ཤར་གཏོང་ཐུབ་པའི་གོང་གི་ཉིན་དེར་འཆི་མེད་རྡོ་རྗེས་སྦྲག་སྲིད་རླངས་འཁོར་བཏང་ནས་མཐར་ཐེངས་གཅིག་ཁྲོ་ལ་བརྒལ་བར་མ་ཟད། ཉག་ག་རུ་ཁོ་ཚོས་རི་ལྷ་མཆོད་པ་དང་དར་ལྕོག་བཙུགས་པ། ཁ་གཏགས་འབུལ་བས་འདི་ནི་ཏང་གི་བཀའ་དྲིན་རེད། ང་ཚོས་ཚང་མས་ནམ་ཡང་བརྗེད་མི་རུང་། དེང་སང་། འཆི་མེད་རྡོ་རྗེས་རླངས་འཁོར་བཏང་ནས་ཉེན་ཁ་ཆེ་བའི་སྡེ་དགེ་ཁྲོ་ལ་བརྒལ་མི་དགོས་པར་སྐར་མ10ཡི་སྡེ་དགེ་ཁྲོ་ལ་བརྒལ་ཐུབ་པ་རེད།

གངས་ཐིག་མཚམས་སུ་རྒྱུ་བའི་སྦྲག་སྲིད་ཁ་ལོ་བ་འཆི་མེད་རྡོ་རྗེ།

       འཆི་མེད་རྡོ་རྗེས་དུས་རྒྱུན་དུ་བཤད་རྒྱུར། རང་ཉིད་ལ་ཁྱད་ཆོས་ཅི་མེད་པས་གངས་ཐིག་གི་སྦྲག་སྲིད་ལམ་སྟེང་ཁོ་དང་འདྲ་བའི་ལས་ཀ་བརྟན་སྲུང་བྱེད་མཁན་གྱི་མི་ཧ་ཅང་མང་པོ་འདུག ད་ལྟའི་བར་དུ་སི་ཁྲོན་བོད་ཁུལ་དུ་རྒྱང་རིང་ལུང་ཁུག་གི་སྦྲག་སྲིད་ལས་བཟོ་ཁ་ཤས་ལ་ལོ་ཧྲིལ་པོའི་ཡོང་འབབ་སྔོན་མའི་ནང་བཞིན་ཉུང་བ་རེད། འོན་ཀྱང་བོད་ཁུལ་མི་སེར་ལ་སྟབས་བདེ་བྱ་ཆེད། ཏང་དང་སྲིད་གཞུང་གི་གསུང་སྐད་དེ་བོད་ཁུལ་དུ་བརྒྱུད་སྤྲོད་བྱས་དང་བྱེད་བཞིན་ཡོད་པ་རེད།

       2017ལོའི་སྤྱི་ཟླ10པའི་ནང་ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་གིས་སི་ཁྲོན་ཁྲེང་ཏུའུ་རུ“ཀྲུང་གོའི་མི་བཟང་མིང་ཐོ་” ཡོངས་བསྒྲགས་མཛད་སྒོ་དང་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་མི་བཟང་གི་ཡུལ་དངོས་སྤེལ་རེས་བྱེད་པའི་བྱེད་སྒོ་སྤེལ་ཏེ། ཀྲུང་གོའི་སྦྲག་སྲིད་ཚོགས་པ་སྤྱི་གཉེར་ཁང་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཡན་ལག་སྤྱི་གཉེར་ཁང་གི་སྦྲག་སྲིད་རླངས་འཁོར་ཚོ་ཆུང་གི་འགོ་འཛིན་པ་འཆི་མེད་རྡོ་རྗེས་ལོ་ངོ29རིང་ལ་ཉེན་ཁ་ཆེ་བའི་ཁྲོན་བོད་ལམ་ཐིག་ཏུ་སྦྲག་སྐྱེལ་གྱི་ལས་གནས་སུ་ཞུགས་པས་ལས་བརྩོན་སྐྱེས་འབུལ་རིགས་ཀྱི་ཀྲུང་གོའི་མི་བཟང་དུ་བདམས་པ་དང་། ཁོ་ནི་ཀྲུང་གོའི་མི་བཟང་མིང་ཐོའི་ནང་དུ་ཐོ་འགོད་བྱས་པའི་སི་ཁྲོན་གྱི་སྦྲག་སྲིད་ལས་མི་ཐོག་མ་དེ་ཡིན་པ་རེད།།

 


  • ལེ་ཚན་སྔོན་མ།:ཁམས་ལི་ཐང་ཡུལ་ལ་བསྐུར་བའི་རྩོམ་བརྡ་གལ་ཆེན།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་རིག་གནས་ཚོང་ར་དག་བཅོས་བྱས།
  • དོ་སྣང་ཆེ་བའི་རྩོམ།