དྲན་པའི་རྒྱ་རུ་བཞུགས་པའི་ཆུང་འདྲིས།

མ་གཅིག་ཀུན་དཔལ།        2018-09-07

འདི་ནས་ཕྱིར་ལ་བལྟས་ན་ཕྱིར་འདང་ཞིག།

ཕ་ཡུལ་ན་ཆུང་འཁོར་སའི་རྩེད་ར་ན།།

དེང་མའི་རྨི་ལམ་དཀྲུག་པའི་ཟླ་བཟང་མ།།

ཡིད་ཀྱི་མེ་ལོང་ངོས་ནས་སུ་ཡིས་བཀྲུ།།

 

བཞིན་རིས་གོར་གོར་ཤ་རྩ་སྨུག་པོ་ཡིན།།

འཛུམ་ཆུང་མུལ་མུལ་མིག་ཟུང་ཀེམ་ཀེམ་གཡོ།།

མགྲིན་པའི་གཏིང་ན་གདངས་ཀྱི་ལྷོད་ཆ་ཡོད།།

ཡང་ཡང་བསམ་ན་དྲན་པའི་རྒྱ་རུ་བཞུགས།།

 

དཀར་ནག་ཕྱུགས་ཀྱི་རྨིག་རྗེས་གདོང་ལ་བཏགས།།

ལ་ལུང་རྐང་བས་དེད་ཅིང་མཉམ་དུ་སོང་།།

གཞས་ཆུང་རི་ནས་འཐེན་པ་སྙིང་གཏམ་བྱས།།

དམ་བཅའ་མེད་ཀྱང་སེམས་ནས་དམ་པོ་ཡིན།།

 

བྲག་དཀར་ཕུག་ན་ཁ་བའི་ངབ་ལ་བཞའ།།

གཞུང་ཆུའི་འགྲམ་ནས་གཙང་བོའི་རླབས་ལ་ཉན།།

ན་མ་གཞུང་ནས་ཕྱུགས་ཀྱི་འཕེལ་ཁ་བརྩིས།།

དེང་མའི་འུ་གཉིས་འུར་ཆ་གཅིག་གིས་མཚོན།།

 

ཆུ་ཆེན་ཆུ་ཆུང་བརྒལ་དུས་སེམས་ཁུར་ཡོང་།།

འགྲོ་འདུག་སྔ་ཕྱིའི་བར་ནས་སྒུག་རེས་ཡོད།།

མི་སེམས་བརྩེ་བས་བཞེངས་པའི་ན་ཆུང་གཉིས།།

སྡེ་ཆེན་ན་ཟླའི་ནང་གི་བརྩེ་ཆེན་ཡིན།།

 

དབྱར་གསུམ་མེ་ཏོག་ཁྲོད་ཀྱི་སྦྲང་མ་ཡིན།།

སྦྲང་མའི་གཏམ་རྒྱུད་སད་ཀྱིས་ཅི་ལ་གཏོར།།

སྟེང་མའི་ལྷ་ཡི་ཁ་ཕོར་ངས་མ་བཅག།

བསམ་པའི་བློ་ཁ་གཞན་ལ་ཅིའི་ཕྱིར་བསྐོར།།

 

མང་པོ་བཤད་ན་སྙིང་ཁམས་རྩེད་ནས་འཁྲུགས།།

བསམ་པ་མོད་ན་ཡིད་སེམས་སྐྱོ་བའི་རྒྱུ།།

ད་ནི་ཚིག་གི་རོལ་ཆ་བཀྲོལ་མཚམས་བཅད།།

རེ་ཞིག་ལྷ་ལ་ཅོ་འདྲི་བྱེད་ཅིང་འདུག།


  • ལེ་ཚན་སྔོན་མ།:ཆེས་རིང་བའི་འགྲེལ།
  • ལེ་ཚན་རྗེས་མ།:དགེ་རྒན། ངའི་མུན་སེལ་གྱི་སྒྲོན་མེ་རྐང་གཅིག
  • རྩོམ་གསར། 10