ལབ་བརྡོལ་ཐོར་བུ།

རྨེའུ།        2018-07-20

རྣམ་རྟོག་གི་གྲིབ་མས་དཀྲོལ་བའི་སྡུག་ཡུས་སྐྱ་བོ།

སྨྲེང་སེམས་ཀྱི་ལོ་མར་ཐོགས་པའི་དུས་ཚིགས་ཐེད་པོ།

མྱ་ངན་གྱི་མཚན་མོར་སྦྲུམ་པའི་འོ་དོད་གཉོམ་པོ།

སྙིང་ག་ཡི་སྲུབས་ཀར་སིམ་པའི་ཆུ་ཐིགས་བསིལ་མོ།

 

གཤིན་རྗེ་ཡི་རལ་བ་བསེད་པའི་ཤི་བོ་ཉམ་ཐག

བྲེད་ཤ་ཡི་འཇིགས་དངངས་བཙིར་བའི་མུན་སྨག་སྟུག་བོ།

སྨིན་མཚམས་ཀྱི་སྐྱི་པགས་གཤེར་བའི་སུན་སྣང་མག་མོག

བྲག་སྐྱིབས་ཀྱི་མི་བུས་སྨོན་པའི་སེམས་བྱུང་རྒོད་པོ།

 

དྲན་པ་ཡི་གཙང་བོས་བཅད་པའི་ཐོལ་བཤགས་སྙི་མོ།

འདུ་འཛི་ཡི་བུ་ཡུག་འཚེམ་པའི་བགྲེས་སོང་གྱོལ་བོ།

རྣམ་སྨིན་གྱི་ཆར་ཞོད་གཅུན་པའི་ལྷགས་རླུང་གདུག་པོ།

ངེས་འབྱུང་གི་སྨིག་རྒྱུ་གདུ་བའི་ཆོས་པ་ཞི་དུལ།

 

སེམས་འགྱུ་ཡི་མེ་རླབས་འཕྱུར་བའི་བསང་དུ་སྔོན་པོ།

དད་པ་ཡི་དགུ་ཚིགས་འཁྲིགས་པའི་མཚེ་འུ་མཉེན་པོ།

རྣལ་མ་ཡི་གཉུག་སེམས་བརྫིས་པའི་ཟིལ་མ་ནེམ་མོ།

འགྲོ་བ་ཡི་ཤེས་ངོར་གླན་པའི་སྙིང་རྗེ་གཤའ་མ།

 

དཀའ་ཚེགས་ཀྱི་ཆུ་རིས་ལྡུག་པའི་ཞིང་པ་ཀྱེ་ཧོ།

ནངས་ཀ་ཡི་ཉི་ཟེར་བཀྱེས་པའི་སྒེག་ལ་ཆགས་པ།

ས་སྲོས་ཀྱི་གནམ་ངོ་རུབ་པའི་སྨག་ལ་ཞེ་མེར།

རྟོག་དཔྱོད་ཀྱི་རིགས་ལམ་འཚོལ་བའི་དགེ་ལ་དམོད་པ།

 

སྐྱི་བསེར་གྱི་གཞས་དབྱངས་འཇོ་བའི་ཡིད་འགྱུའི་སྐྱོ་གར།

སེང་རས་ཀྱི་ཟོག་རྫུ་སྦེད་པའི་དན་རྟགས་བརྗིད་པོ།

རི་མོ་ཡི་འདུ་འབྲལ་འབྲི་བའི་སྨྱུག་གི་བང་ཁ།

འཆི་བདག་གི་བཤུ་གཞོག་འཇིགས་པའི་གྲིབ་མའི་ཚུགས་ཀ

 

ཀུ་རེ་ཡི་བཞད་བགད་སློང་བའི་འཕྱ་བའི་སྨོད་ཚིག

མཚན་དགུང་གི་རྨི་ལམ་འཁྲུགས་པའི་སྔ་ལྟས་རྗེན་པ།

ཁངས་ཆར་གྱི་གཙིགས་རིས་འདྲ་བའི་མཆུ་སྒྲོས་ནག་པོ།

ཉིན་དཀར་གྱི་རྣམ་རྟོག་གཡེང་བའི་ལུང་བསྟན་ཁོ་ན།

 

ཀུན་གཞི་ཡི་ཚོར་འདུ་འཐོར་བའི་ཕ་གིའི་རི་གྲོང་།

ཡིད་ག་ཡི་དམར་ཤ་བྱུག་པའི་ལན་ཆགས་དེ་དག

ལྗང་མྱུག་གི་རྣམ་གཞག་གོས་པའི་སྐད་ཅིག་བདེ་བ།

གྲུ་ཁེམ་གྱི་དངན་པ་འཁོར་བའི་ཤེས་པ་ཡན་པོ།

 

ལོག་ཤེས་ཀྱི་འོབས་ལ་མཆོང་པའི་ཀེང་རུས་དཀར་པོ།

བྱེ་ཐང་གི་སྡུག་བསྔལ་གྱེར་བའི་ཅོལ་ཆུང་ཁོ་བོ།

ནམ་གུང་གི་ཆོད་ཉིད་འཛག་པའི་ཟེགས་མར་དུངས་བ།

རང་སེམས་ཀྱི་ལབ་བརྡོལ་ལྟེམ་མེ་ཟིན་ཐོར་སྦྱར་བ།


  • ལེ་ཚན་སྔོན་མ།: གསོལ་འདེབས་མུ་ཏིག་ཕྲེང་མཛེས།
  • ལེ་ཚན་རྗེས་མ།:མེ་ཏོག་སྐོར་ཞིག