སྲིད་ཇུས་ཀྱི་འཕྲིན་བཟང་སྒྲོག་པའི་དཔྱིད་ཀྱི་ཕོ་ཉ།དམངས་སེམས་ཀྱི་ཞིང་ས་གསོ་བའི་སྦྲང་ཆར་ཟིམ་མ། 

སྐལ་ཐུབ་ཀྱིས་བྲིས།        2018-07-13

  

སྲིད་ཇུས་ཀྱི་འཕྲིན་བཟང་སྒྲོག་པའི་དཔྱིད་ཀྱི་ཕོ་ཉ།དམངས་སེམས་ཀྱི་ཞིང་ས་གསོ་བའི་སྦྲང་ཆར་ཟིམ་མ། 

  ཨ་པད་ནི་མདོ་སྨད་སྤོ་འབོར་སྒང་གི་ཆར་གཏོགས་ཀྲུང་གོའི་གཞས་ཀྱི་ཆོལ་ཁ་སྟེ་འབའ་ཐང་རྫོང་རྫོང་རྩ་ཡུལ་ཚོ་མིང་བཟང་གྲོང་སྡེར་ལྟེ་ཁྲག་འཕོས་ཤིང་། 1990ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་རྗེས་ནས2006ལོའི་བར་སྔ་ཕྱིར་དཔལ་ཡུལ་རྫོང་བོད་སྨན་ཁང་དང་རྫོང་མཁར་སློབ་ཆུང་། རྫོང་སློབ་འབྲིང་བཅས་སུ་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། སྡེ་དགེ་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཅུས་དང་དཔེ་ཡག་ཡུལ་ཚོ་བཅས་སུ་ལས་བྱེད་པའི་ཕྱག་ལས་གནང་། 2006ལོའི་ལོ་མཇུག་ཏུ་ཁུལ་མི་རིགས་ལས་བྱེད་སློབ་གྲྭར་ལས་གནས་སྤོས། ཕྱག་ལས་གནང་བའི་དུས་རིམ་དུ་སྔ་ཕྱིར་མཚོ་སྔོན་དགེ་འོས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སློབ་སྦྱོང་བརྒྱུད་དངོས་ཚན་དང་གཞི་ཚན་གྱི་སྦྱངས་རབས་ཀྱང་ཐོབ། 2011ལོ་ནས་བཟུང་གཞི་རིམ་རིགས་གཞུང་སྒྲོག་འགྲེལ་པའི་འགན་བཞེས་ནས་ད་སྔའི་བར་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་ཕྱོགས་ནས་སྒྲོག་འགྲེལ་ཐེངས100ལྷག་སྤེལ་ཡོད། 2014ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་གནང་བའི་རྒྱལ་ཡོངས་གཞི་རིམ་རིགས་གཞུང་སྒྲོག་འགྲེལ་སྔོན་ཐོན་མི་སྣའི་མཚན་སྙན་ཐོབ་པ་དང་། 2015ལོར་ཞིང་ཆེན་ཏང་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པའི་ཞིང་ཆེན་རིམ་པའི་སྒྲོག་འགྲེལ་ཤེས་ལྡན་མི་སྣའི་འཕྲིན་མཛོད་དུ་ཚུད་ཅིང་། 2017ལོར་དཀར་མཛེས་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་མིའི་མཚན་སྙན་ཐོབ་པར་མ་ཟད། སི་ཁྲོན་ཞིང་ཆེན་ཏང་ཨུའི་བོད་ཁུལ་འགོ་ཁྲིད་ཚོ་ཆུང་གིས་སྔོན་ཐོན་མི་སྣར་བདམས་པ་རེད།  

  གུས་རྟག་བརྩོན་པའི་རྒྱུན་བརྟན་ལྷག་བསམ་རང་མདངས་དཀར།།ཐོས་བསམ་སྦྱངས་པའི་ལོ་མར་སྨྲ་མཁས་མེ་ཏོག་བཞད།།

  ཨ་པད་ཆུང་དུས་ནས་ཞིང་སྡེའི་འཚོ་བའི་དཀའ་སྡུག་ལ་བག་ཆགས་ཟབ་པས་སྙིང་རུས་ཆེ་བ་དང་བསམ་གཞིག་ལ་མཁས་པ། ཀུན་ལ་འབྲེལ་འདྲིས་བྱེད་མཁས་ཤིང་བྱང་སེམས་ཆེ་བའི་བཅོས་མིན་རང་གཤིས་ཤིག་གྲུབ་ཡོད། ཆུང་སློབ་ཆུང་འགྲིམ་དུས་དང་། གཞོན་སློབ་འབྲིང་དང་ཞིང་ཆེན་བོད་ཡིག་སློབ་གྲྭར་འགྲིམ་དུས། དར་མའི་དུས་སུ་མཚོ་སྔོན་དགེ་འོས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སློབ་སྦྱོང་ཕྱིན་པ་གང་དུ་ཡིན་ཡང་སྦྱང་བྱ་ཁག་ལ་གུས་རྟག་གཉིས་ཀྱི་བརྩོན་པ་ལྷོད་དུ་མི་གཏོང་བའི་ཁར། ཐ་ན་ས་མིང་འདོགས་ཚུལ་ཞིག་དང་ཡང་ན་ཐ་སྙད་གསར་པ་ཞིག་གི་བསྒྱུར་སྟངས་ཡན་ཆད་ལ་བསམ་གཞིག་བྱས་ནས་ཡིན་མིན་ཐེ་ཚོམ་དཔྱིས་ཕྱིན་པ་ཞིག་མ་ཆོད་བར་དུ་དོགས་གཅོད་དང་འདྲི་རྩད་ཀྱི་མཚམས་ཀྱང་མི་འཇོག་པ་རེད། ཁོང་གིས་ཞིང་འབྲོག་སྡེའི་རྒན་རྒོན་ཚོའི་གནའ་གཏམ་ཉན་པར་དགའ་ཞིང་དམངས་ཁྲོད་གཏམ་རྒྱུད་དང་གེ་སར་སྒྲུང་ལ་ཉན་དགའ་དང་ལྟ་དགའ་དེ་བས་ཀྱང་ཆེ། གླུ་གཞས་ལ་དགའ་ཞེན་ཆེ་བས་གླུ་ཚིག་དང་གཞས་ཚིག་མང་པོ་ཡང་ཞར་དང་ཞོར་ལ་རང་གི་བློའི་བང་མཛོད་དུ་བསགས། དགེ་སློབ་དང་ཞིང་འབྲོག་པར་འབྲེལ་འདྲིས་ཆེ་བའི་ཐོག་བོད་རྒྱ་སྐད་གཉིས་ཀྱི་རྨང་གཞི་བཟང་མདོ་དབུས་ཁམས་སྐད་ཀྱིས་གོ་བརྡ་བྱང་ཆུབ་པར་སྤྲད་ཐུབ་ཅིང་། ཞིང་འབྲོག་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་ལ་ཡང་ཆ་རྒྱུས་ཟབ་མོ་ཡོད་པ་རེད། མཐུན་རྐྱེན་བཟང་པོ་དེ་རྣམས་ཡོངས་སུ་འཛོམས་ནས་སྒྲོལ་འགྲེལ་གྱི་ལམ་དུ་ཞུགས་པའི་ཚེ་ཡང་། ཁོང་གིས་རིགས་གཞུང་དཔེ་ཆ་དང་ཚགས་པར་དུས་དེབ། ནང་བསྟན་ཆོས་ལུགས་དཔེ་ཆ་སོགས་སྦྱོང་བརྩོན་བྱས་ཐོག་མཁོ་བའི་ཆ་རྣམས་ཟིན་བྲིས་སུ་བཏབ་པར་གོམས། ཁོང་གིས་ནམ་རྒྱུན་རིག་པ་ནངས་པར་འཆི་ཡང་བསླབས་ཏེ་ཚེ་སྲོག་ལ་གསོན་ཤུགས་བསྣན་དགོས་ཞེས་བཤད་ཀྱིན་ཡོད། 

ཁོང་དང་ལྷན་དུ་ཁ་བརྡ་བྱེད་པའི་གོ་སྐབས་འདྲ་བྱུང་ཚེ། ཁོང་གིས་སྤྱི་ཚོགས་གསར་རྙིང་གི་གཏམ་དང་རྒྱལ་ཕྱི་ནང་གི་གནས་ཚུལ། གཏམ་རྒྱུད་དང་གཏམ་དཔེ། དགོད་བྲོ་བའི་གཏམ་སོགས་ཆུ་མིག་བརྡོལ་བ་ལྟར་བཤད་ནས་དུས་ཚོད་ཇི་ལྟར་འདས་སོང་བ་ཡང་མི་ཤེས་པར་ལུས་པ་དང་ཆབས་ཅིག་ལུས་སེམས་ལྷོད་ཆེམ་མེར་གྱུར་པའི་སྐྱིད་སྣང་དང་བཅས་གོ་བསྐོན་སློབ་གསོ་ཡང་ངམ་ཤུགས་སུ་ཐེབས་ཡོང་བ་རེད། 

སྲིད་ཇུས་ཀྱི་འཕྲིན་བཟང་སྒྲོག་པའི་དཔྱིད་ཀྱི་ཕོ་ཉ།དམངས་སེམས་ཀྱི་ཞིང་ས་གསོ་བའི་སྦྲང་ཆར་ཟིམ་མ། 

    ཏང་སྲིད་ཁྲིམས་སྲོལ་ཁམས་པའི་ས་གཞི་ཆེན་མོར་བསྒྲགས། དཀྱུས་མའི་ལས་གནས་ཐོག་ནས་དཀྱུས་མིན་བྱས་རྗེས་བཞག།

   དཔེ་ཞིག་འཕངས་ནས་བཤད་ན། ཀྲུང་གོའི་གུང་ཁྲན་ཏང་དང་ཏང་གི་སྲིད་ཇུས་ནི་སྟོན་པ་ཤཱཀྱ་ཐུབ་པ་དང་དེས་གསུངས་པའི་དམ་པའི་ཆོས་ལྟ་བུ་རེད། ཏང་གི་སྲིད་ཇུས་ཡང་དག་པ་ཡིན་པ་ལྟར་དམ་པའི་ཆོས་ཀྱང་ཡང་དག་པ་ཡིན། ཕུལ་དུ་བྱུང་བའི་གུང་ཁྲན་ཏང་མི་ཞིག་ཡིན་ན་ཆོས་ལུགས་པ་བཟང་པོ་ཞིག་ཡིན་ཟེར་ཆོག་ལ། དེ་ལས་ལྡོག་ནས་ཕུལ་དུ་བྱུང་བའི་ཆོས་ལུགས་པ་ཞིག་ཡིན་ན་གུང་ཁྲན་ཏང་མི་བཟང་པོ་ཞིག་ཀྱང་ཡིན་ཞེས་ཟེར་ཆོག་པ་རེད། གང་རེད་ཟེར་ན། གུང་ཁྲན་ཏང་མིའི་ལས་སྒྲུབ་དམིགས་ཡུལ་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡིན་ཞིང་། ཆོས་ལུགས་པའི་དམིགས་ཡུལ་ཡང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་འཐོབ་པའི་ཆེད་དུ་ཡིན་པས་རེད། ང་ཚོས་གུང་ཁྲན་ཏང་མི་ཁ་ཤས་ཀྱི་སྐྱོན་དང་ནོར་འཁྲུལ་མཐོང་བས་ཏང་མི་ཡོངས་དང་ཏང་ལ་སྐྱོན་བརྗོད་དང་སྐུར་འདེབས་བྱེད་མི་རུང་བ་བཞིན། ཆོས་ལུགས་པ་རེ་འགའི་སྐྱོན་དང་ནོར་འཁྲུལ་ལ་དམིགས་ནས་ཆོས་ལུགས་པ་ཡོངས་དང་ཆོས་ལ་སྐྱོན་བརྗོད་དང་སྐུར་འདེབས་བྱེད་མི་རུང་ཞེས་པ་ནི་ཨ་པད་ཀྱིས་ནམ་རྒྱུན་བཤད་པའི་སྐད་ཆ་ཞིག་རེད།  གཏམ་བདེན་པ་བཤད་པ་དང་མང་ཚོགས་ཀྱི་སྐད་ཆ་བཤད་པ་ནི་ཁོང་གི་སྒྲོག་འགྲེལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་གྱུར་ཅིང་། ཡུན་རིང་སྒྲོག་འགྲེལ་བྱེད་པའི་ཉམས་མྱོང་ལ་བརྟེན་ཞིང་ཁོང་གིས་འཚོལ་ཞིབ་ཧུར་ཐག་བྱས་པར་བརྟེན། སྲིད་ཇུས་བྱེད་ཕྱོགས་ས་གནས་ཀྱི་སྐད་ཆར་བསྒྱུར་བ་དང་། རིགས་གཞུང་གཙོ་བོ་མི་མང་གི་ཤེས་ཚད་དང་བསྟུན་པ། ཟབ་ནན་ཆེ་བའི་འཆད་གཞི་གོ་སླ་ཅན་དུ་གཏོང་བ། གནས་ལུགས་དབྱེ་འབྱེད་གཏམ་དཔེ་གཏམ་ལེན་དང་སྦྲེལ་བ་བཅས་ཀྱི་སྒྲོག་འགྲེལ་བྱེད་ཐབས་ཁྱད་དུ་འཕགས་པ་ཞིག་ཕྱོགས་བསྡོམས་བྱས་པ་རེད། 

   ཨ་པད་ཀྱི་སྒྲོག་འགྲེལ་ལ་ཉན་མྱོང་བའི་གཞི་རིམ་ལས་བྱེད་པ་ཚོས་བརྗོད་བྱ་གོ་སླ་བ་ནས་འགོ་ཚུགས་ཤིང་རྗོད་བྱེད་ཚིག་སྦྱོར་གོ་བདེ་བའི་ཨ་པད་ཀྱི་སྒྲོག་འགྲེལ་ལ་ཐེངས་གཅིག་ཉན་པ་ཡིན་ན། དེ་སྔོན་གོ་མ་མྱོང་བ་དང་། གོ་ཡང་ཐེ་ཚོམ་ཡོད་པའི་གནས་ལུགས་མང་པོ་ཞིག་ནམ་གསལ་བས་ཁང་ཁྱིམ་གྱི་ཕྱི་ནང་མཐོང་བ་བཞིན་དྭངས་སངས་ངེར་ཤེས་ཐུབ་པ་རེད་ཅེས་བཤད། 

   གྲོང་པ་ཚོས་དགེ་རྒན་ཨ་པད་ཀྱིས་སྒྲོག་འགྲེལ་བྱེད་དུས་ཡིག་ཆ་འདོན་པ་ལྟར་མ་ཡིན་པར་སྐད་ཆ་ཚང་མ་གོ་སླའི་ཁ་སྐད་ཀྱིས་གཏམ་དཔེ་གཏམ་ལེན་དང་སྦྲེལ་ནས་བཤད་པ་རེད། གོ་རྒྱུ་དང་ཤེས་རྒྱུ་འདུག  ཉན་དགའ་ཡང་ཡོད་ཅེས་བཤད་པ་རེད།

   དགོན་པའི་བླ་མ་དང་གྲྭ་བཙུན་ཚོས་དགེ་རྒན་ཨ་པད་ཀྱིས་ང་ཚོར་དཔེ་ཆུང་ངུའི་ཐོག་ནས་གནས་ལུགས་ཆེན་པོ་གོ་རྒྱུ་ཡོད་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་དང་བསྟུན་མཁས་པ། དགོན་པའི་དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ནས་སྒྲོག་འགྲེལ་བྱས་པས་ཉན་འདོད་ཡོད་ཅེས་བཤད་པ་རེད། 

   ཁུལ་ཡོངས་སུ་སེམས་མཐུན་ཕྱོགས་མཐུན་གྱི་བྱེད་སྒོ་སྤེལ་བའི་ཁྲོད་དུ་ཨ་པད་ཀྱིས་འབྲེལ་བ་བྱེད་ཡུལ་སྡེ་དགེ་དགོན་གསར་དགོན་དུ་སྔ་ཕྱིར་སྒྲོག་འགྲེལ་ཐེངས13བྱས་པར་མ་ཟད། གྲྭ་བཙུན་རྣམས་ལ་རང་གི་ཉེ་བ་ལས་ལྷག་པའི་སྨན་བཅོས་དང་འཚོ་དངུལ། འཕྲིན་གཏོང་འགྲོ་གྲོན་སོགས་གང་ས་ནས་རོགས་སྐྱོར་དང་སེམས་ཁུར་ཚད་མེད་བྱས་པས་དགོན་པའི་གོང་འོག་ཚང་མས་བསྔགས་པའི་མེ་ཏོག་ཡང་ཡང་གཏོར་བ་རེད། 

   དེ་ལྟར་ཨ་པད་ཀྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་ཁ་ཙམ་ཚིག་ཙམ་དུ་མ་ལུས་པར་ལག་ལེན་གསེར་གྱི་ཐིགས་པར་བསྟར་ཏེ་དཀྱུས་མའི་ལས་གནས་སུ་དཀྱུས་མིན་བྱས་རྗེས་བཞག་ཅིང་། བོད་ཁུལ་མང་ཚོགས་ཀྱི་ཆེས་དགའ་བསུ་ཐོབ་པའི་ཕུལ་བྱུང་སྒྲོག་འགྲེལ་པ་ཞིག་ཏུ་གྱུར་པ་རེད།།


  • ལེ་ཚན་སྔོན་མ།:མི་ཚེ་གློག་བརྙན་དང་འགྲོགས་པའི་ཁམས་ཀྱི་ཕོ་རྒོད།
  • ལེ་ཚན་རྗེས་མ།:ལྷག་བསམ་གྱི་ཉི་མ་མཁའ་དབྱིངས་ནས་འཚེར།། དམངས་སེམས་ཀྱི་མུན་པ་ཕྱོགས་ཀུན་ནས་བསལ།།