མི་ཚེ་གློག་བརྙན་དང་འགྲོགས་པའི་ཁམས་ཀྱི་ཕོ་རྒོད།

མཁས་གྲུབ་ནོར་བུས་བསྒྱུར།        2018-04-28

མི་ཚེ་གློག་བརྙན་དང་འགྲོགས་པའི་ཁམས་ཀྱི་ཕོ་རྒོད།

   2016ལོའི་ཟླ་བ8པར། ལོ་ངོ་གསུམ་གྱི་རིང་ལ་བརྙན་ལེན་སྒྲིག་སྦྱོར་བྱས་པའི《གངས་དཀར་རི་བོ》ཞེས་པའི་གློག་བརྙན་དེ་དངོས་སུ་གཟིགས་མོ་བ་རྣམས་ཀྱི་སྤྱན་སྔར་དུ་བསྟན་ཐུབ་བྱུང་ཡོད་ལ། དེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ནས་འཚར་ལོངས་བྱུང་བའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་རྡོ་རྗེ་ཕུན་ཚོགས་ལགས་ཀྱིས་འཁྲབ་ཁྲིད་གནང་བ་ཡིན་ཞིང་། གློག་བརྙན་དེ་ཐོག་མར་གཟིགས་འབུལ་བྱས་པ་ནས་བཟུང་། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་གཟིགས་པ་པོ་རྣམས་ཀྱིས་གདེང་འཇོག་མཐོན་པོར་བྱས་ཤིང་། ཨ་རིའི2016ལོའི་ལོ་འཁོར་གྱི་སྐབས་བཅུ་གསུམ་པའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་སྐབས༼ ཕུལ་བྱུང་གི་གཏམ་སྒྲུང་གློག་བརྙན་གྱི་བྱ་དགའ༽ དང༼ སྐྱེས་པའི་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ༽ ཐོབ་པར་མ་ཟད། སྐབས་དང་པོའི་མཚོ་སྔོན་གཏེར་ལེན་ཁའི་རྒྱལ་སྤྱིའི་མཐོ་སྒང་མི་རིགས་ཀྱི་གློག་བརྙན་དུས་ཆེན་ལས༼ ཆེས་ཡག་ཤོས་ཀྱི་གློག་བརྙན་བརྩམས་ཆོས་བྱ་དགའ༽ དང་། སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི“གཅིག་ཅན་ལྔའི་ལས་གྲྭ”ཡི་བརྩམས་ཆོས་བྱ་དགའ་སོགས་ཐོབ་པ་རེད།

མི་ཚེ་གློག་བརྙན་དང་འགྲོགས་པའི་ཁམས་ཀྱི་ཕོ་རྒོད།

 རུས་པའི་གཏིང་གི་ཕུགས་འདུན་ལ་བརྒྱ་འགྱུར་བརྩོན་པས་ཧུར་གྱིས་གཞོལ།

    1954ལོར། རྡོ་རྗེ་ཕུན་ཚོགས་གསེར་ཐར་རྩྭ་ཐང་དུ་ཐོག་མར་ལྟེ་ཁྲག་ཕབ་ཅིང་འཚར་ལོངས་བྱུང་། ཁོ་རང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་དུས་འགོ་ནས་པར་ལེན་གྱི་ལས་ཀར་ཞུགས་འགོ་བརྩམས་ཤིང་། ད་བར་དུ་མཚོ་བོད་མཐོ་སྒང་གི་ཕང་བ་རུ་ཁོ་བོའི་བརྩོན་པས་རྒྱུ་བའི་རྐང་རྗེས་རེ་རེ་གསལ་རྗེན་དུ་བཞག་པ་དང་། ཁོས་མཚོ་བོད་མཐོ་སྒང་གི་ཕྱི་ནང་གསང་གསུམ་གྱི་མཛེས་སྡུག་གི་ཡུལ་ལྗོངས་དག་པར་རིས་དང་བརྙན་ལམ་དུ་བཀོད་ནས་པར་ལེན་གྱི་སྤྱིན་ཤོག་ས་ཡར་ཟིན་པ་དང་ཆེད་དོན་གྱི་ལེ་ཚན300ལྷག་གི་གྲུབ་འབྲས་མངོན་པར་ཐོན་ཡོད།

རྡོ་རྗེ་ཕུན་ཚོགས་ལ་ཆ་བཞག་ན་གློག་བརྙན་ཆེད་ལས་སྐོར་གྱི་སློབ་སྟོན་དང་གསོ་སྦྱོང་གང་ཡང་དང་ལེན་བྱས་མྱོང་མེད་དེ། དེ་ནི་ཁོ་རང་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གོམ་པ་རེ་རེས་མཐོ་སྒང་གི་འཛིན་མར་བསྐོར་ཏེ་རིག་གནས་གཅིག་སྡུད་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ལས་ཐོན་པའི་གྲུབ་འབྲས་ཡིན་ལ། ཕུགས་འདུན་སྙེག་པའི་ལམ་བུའི་ཐོག་དཀའ་ངལ་དང་བར་ཆད་ཅི་འདྲའི་མང་པོར་འཕྲད་ནའང་། ཁོས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ཡོང་ཆེད་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་ཅིང་། རྒྱུན་པར་ཁོ་རང་གིས་པར་ལེན་སྒྱུ་རྩལ་དེའང་ཕྱིའི་རྣམ་པ་མཛེས་པ་ཙམ་དང་ངོ་མཚར་བའི་འཁྲབ་སྟོན་ཙམ་ལས་ནང་གི་བརྗོད་དོན་སྙིང་པོ་དེ་མེད་ན་དེའང་ཡོད་མེད་གཉིས་སུ་རུང་བའི་རྒྱན་ཆ་ཙམ་དུ་ཟད་དོ་ཞེས་བཤད་ཀྱི་ཡོད།

རྡོ་རྗེ་ཕུན་ཚོགས་ཀྱིས་རང་ལ་དབང་བའི་དུས་ཚོད་ཡོད་ཚད་པར་རྒྱག་དང་བརྙན་ལེན་གྱི་བྱ་གཞག་ལ་ཕུལ་ཞིང་། པར་ལེན་གྱི་ལས་ཀ་ལ་ཞུགས་པ་ནས་བཟུང་ཁོ་རང་ལ་སྙིང་ཁོང་རུས་པའི་གཏིང་ནས་ཕུགས་འདུན་ཞིག་ཡོད་པ་སྟེ། དེ་ནི་མི་རིགས་རང་གི་ཡུལ་སྲོལ་དང་གོམས་གཤིས་སོགས་ཕུན་སུམ་ཚོགས་པའི་རིག་གནས་དང་། དྲི་མེད་དག་གཙང་གི་གནས་མཆོག་འདི་དག་པར་ལེན་དང་གློག་བརྙན་སོགས་ཀྱི་རྣམ་པའི་ཐོག་ནས་འཛམ་གླིང་མི་རིགས་ཀུན་ལ་མངོན་རྒྱུ་དང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཉམས་ཉེས་དང་འགྲིབ་ནུབ་ཏུ་སོང་ལ་ཉེ་བའི་དྲི་མེད་ནོར་བུ་རིན་པོ་ཆེ་ལྟ་བུའི་སྲོལ་རྒྱུན་རིག་གནས་འདི་དག་གློག་བརྙན་གྱི་རྣམ་པའི་ཐོག་ནས་སླར་གསོ་དང་རྒྱུན་འཛིན་བྱ་བར་འབད་བརྩོན་ལྷོད་མེད་བྱ་རྒྱུ་དེ་རེད།

མི་ཚེ་གློག་བརྙན་དང་འགྲོགས་པའི་ཁམས་ཀྱི་ཕོ་རྒོད།

 གློག་བརྙན་གསར་རྩོམ་བྱ་བ་ཡི་འདུན་པ་མ་ལྷོད་སྔར་བཞིན་སྐྱེས།

 དེང་སང་རྡོ་རྗེ་ཕུན་ཚོགས་རང་ལོ་ན་ཅུང་མཐོ་ནའང་། གློག་བརྙན་གསར་རྩོམ་གྱི་འདུན་པ་དེ་ནམ་ཡང་ཡལ་མ་མྱོང་། མིག་སྔར། 《འཕྲེད་རྒྱུག་རི་རྒྱུད་ཀྱི་ལ་གཞས》དང《ཏ་ཡུས།》《ཤི་གསོན་དམར་འཛིང་།》སོགས་གློག་བརྙན་མང་པོ་ཞིག་གི་འཁྲབ་གཞུང་རྩོམ་སྒྲིག་བྱ་བར་འགན་འཁུར་བཞིན་པ་སྟེ། ཀྲུང་གོའི་ནུབ་རྒྱུད་དང་མཐོ་སྒང་གི་བོད་རིགས་ས་ཁུལ་གྱི་ས་ཆ་གཙོར་བྱས་ཏེ་བོད་རིགས་ཀྱིས་མཚོན་པའི་ཀྲུང་གོའི་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་རིག་གནས་འཚོ་བ་མཚོན་པའི་གློག་བརྙན་དག་ཡིན་ལ་གསར་རྩོམ་བྱེད་བཞིན་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། རྡོ་རྗེ་ཕུན་ཚོགས་ཀྱིས་འགན་འཁུར་ནས་འཁྲབ་གཞུང་རྩོམ་སྒྲིག་བྱེད་པའི་གློག་བརྙན་འཁྲབ་གཞུང《ཏ་ཡུས།》ཞེས་པ་དེ་སི་ཁྲོན་ཞིང་ཨུ་དྲིལ་བསྒྲགས་པུའུ་ཡིས་སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་རིག་རྩལ་སྤུས་དག་འཆར་འགོད་ལས་གྲྭ་ཐོག་མའི་ནང་དུ་འཇོག་པ་དང་། ལས་གྲྭ་ལག་བསྟར་བྱེད་འགོ་ཚུགས་ཤིང་འཁོར་སྐྱོད་ཀྱི་བྱ་བར་བྲེལ་བཞིན་པའི་སྒང་ཡིན།

   ཉེ་ཆར་གྱི་ལས་དོན་སྐོར་གླེང་སྐབས།རྡོ་རྗེ་ཕུན་ཚོགས་ཀྱིས་སྤྲོ་བའི་ཉམས་དང་བཅས་ད་ལོར་གློག་བརྙན《འཕྲེད་རྒྱུག་རི་རྒྱུད་ཀྱི་ལ་གཞས》པར་བླངས་པའི་གྲ་སྒྲིག་ལས་ཀ་སྤེལ་འགོ་ཚུགས་ནས་སྤྱི་གཉེར་ཁང་མང་པོ་དང་མཉམ་འབྲེལ་བྱེད་བཞིན་ཡོད་ཅེས་བཤད་པ་དང་། མ་འོངས་པར་རང་ངོས་ནས་སྒྲིག་གཞི་ཆ་ཚང་བ་དང་མ་དངུལ་གཅིག་སྡུད་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཐུབ་པར་བྱུང་ཚེ། ལོ་རེར་གློག་བརྙན་གཅིག་ནས་གཉིས་བར་སྒྲིག་བཟོ་བྱ་རྒྱུ་དང་། གོ་སྐབས་དེ་དང་བསྟུན་ནས་བོད་རིགས་ས་ཁུལ་གྱི་ན་གཞོན་ཁག་ཅིག་གློག་བརྙན་བྱ་གཞག་གི་ནང་དུ་ཞུགས་པར་སྐུལ་ཁྲིད་དང་གསོ་སྐྱོང་བྱེད་པར་ཧུར་བརྩོན་བྱ་རྒྱུ་ཡིན་ཞེས་བཤད།

   2016ལོར་ཨ་རིའི་སྐབས་བཅུ་གསུམ་པའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག《གངས་དཀར་རི་བོ》ལ༼ ཕུལ་བྱུང་གི་གཏམ་སྒྲུང་གློག་བརྙན ༽ གྱི་བྱ་དགའ་ཐོབ་པ་དང་། དུས་དེ་ནས་བཟུང་འཛམ་གླིང་གི་མི་མང་པོ་ཞིག་ལ་གངས་དཀར་རི་བོས་བག་ཆགས་ཐེབས་ཤིང་། བོད་མི་རིགས་ཀྱི་རིག་གནས་སོགས་ལའང་རྒྱུས་ལོན་བྱུང་བ་རེད།

   རྡོ་རྗེ་ཕུན་ཚོགས་ཀྱིས་ང་རང་ས་ཆ་གང་དུ་སོང་ནའང་ཕ་ཡུལ་ལ་བཅངས་བའི་བརྩེ་བ་ནམ་ཡང་འགྱུར་མེད་དེ། རང་ཉིད་ཀྱི་ཚོར་བ་དང་འཆར་སྒོ། ཤེས་རབ་དང་སྒུལ་ཤུགས་སོགས་རུས་པའི་གཏིང་དང་ཤ་ཁྲག་གསེང་གི་ཡོད་ཚད་ཀྱི་ཡོད་ཚད་མཐོ་སྒང་མ་མས་ང་ལ་གནང་བ་ཡིན་ལ། དཀར་མཛེས་ས་ཆ་ནི་རང་ཉིད་ཀྱི་སྒྱུ་རྩལ་གསར་རྩོམ་གྱི་འབྱུང་ཡུལ་དང་། ཚེ་སྲོག་དང་སྒྱུ་རྩལ་གྱི་ངོ་བོ་ཆོད་སའི་གནས་མལ་ཡིན་ཞེས་བཤད།

མི་ཚེ་གློག་བརྙན་དང་འགྲོགས་པའི་ཁམས་ཀྱི་ཕོ་རྒོད།

   1980ལོར་བརྙན་ལེན་གསར་རྩོམ་གཉེར་འགོ་བརྩམས་པ་ནས་ད་ལྟའི་བར་དུ་རྡོ་རྗེ་ཕུན་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཚགས་དེབ་སོགས་སུ་གསར་འགྱུར་དང་སྒྱུ་རྩལ་བརྩམས་ཆོས8000ལྷག་སྤེལ་མྱོང་བ་དང་། རྒྱལ་ཁབ་ཕྱི་ནང་ལ་སྒེར་གྱི་གློག་བརྙན་འགྲེམས་སྟོན་ཐེངས6བྱས་མྱོང་། ས་ཁུལ་དང་གྲོང་ཁྱེར། ཁུལ། ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་རིག་གནས་སྡེ་ཁག་གིས་སྤྲད་པའི་པར་ལེན་གྱི་བྱ་དགའ120ལྷག་བླངས་པ་རེད། དངོས་ཟིན་གློག་བརྙན《མཚོ་བོད་ཆུ་གསོག་མཐོ་ལྕོག》ཅེས་པར་དབྱིན་ཇིའིBBC༼ ཆེས་ཡག་ཤོས་ཀྱི་དངོས་ཟིན་གློག་བརྙན༽ ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་། 《གཙང་འགྲམ་གྱི་དུད་ཚང་》ཞེས་པར་ཞང་ཀང་དངོས་ཟིན་གློག་བརྙན་གྱི༼ ཆེས་ཡག་ཤོས་ཀྱི་དངོས་ཟིན་གློག་བརྙན༽ གྱི་བྱ་དགའ་ཐོབ། 《ལོང་བ་ཀརྨ》ཞེས་པར་ཨོ་སི་ཁྲུ་ལི་ཡའི་དངོས་ཟིན་གློག་བརྙན་དུས་ཆེན་སྐབས༼ ཆེས་ཕུལ་དུ་བྱུང་བའི་གློག་བརྙན་ཐུང་གྲས༽ དང་འཇར་པན་ཏུང་ཅིན་གྱི་དངོས་ཟིན་གློག་བརྙན་དུས་ཆེན་སྐབས༼ ཕུལ་བྱུང་གློག་བརྙན་ཐུང་གྲས༽ ཀྱི་བྱ་དགའ་ཐོབ་པ་རེད།

   རྡོ་རྗེ་ཕུན་ཚོགས་ཀྱིས་གསར་འགོད་པར་གློག་བརྙན་གསར་རྩོམ་དང་པར་ལེན་སྒྱུ་རྩལ་གྱི་ལམ་བུའི་ཐོག་ཏུ་མི་དཀྱུས་མ་ཞིག་གི་བསམ་ཡུལ་ལས་འདས་པའི་དཀའ་སྡུག་ཚད་མེད་མྱངས་པ་དང་། མཚོ་བོད་མཐོ་སྒང་གི་རི་ལུང་ཀུན་དུ་རྐང་རྗེས་རེ་རེས་འཇལ་བར་མྱོང་བས་གཞི་ནས་ཕ་ས་དྲོན་མོ་འདིའི་སྟེང་གི་བརྙན་ལེན་པ་ཞིག་དང་གློག་བརྙན་བརྙན་འཕྲིན་བཟོ་མཁན་ཞིག་ཏུ་གྱུར་སོང་ཟེར། ཁོས་ད་དུང་མི་རིགས་རང་གི་རིག་གནས་ནི་རྒྱ་ཆེ་ཞིང་གཏིང་ཟབ་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པས། སྔོག་འདོན་གཏིང་ཟབ་བྱ་རྒྱུ་དང་རྒྱུན་འཛིན་དར་སྤེལ་བཅས་ཀྱི་ཕྱོགས་སུ་ད་དུང་ནུས་པ་ཆེན་པོ་འདོན་དགོས་ཚུལ་སོགས་བཤད་དོ། རྡོ་རྗེ་ཕུན་ཚོགས་ཀྱིས་དེ་ལྟར་ལོ་མང་པོའི་རིང་ལ་ཨུ་ཚུགས་ཀྱི་གཤིས་ཀ་དང་ཞུམ་མེད་ཀྱི་སྤོབས་པས་གློག་བརྙན་དང་བརྙན་འཕྲིན་སྒྱུ་རྩལ་འཚོལ་སྙེག་བྱས་པར་བརྟེན། ཁམས་པའི་ས་ཁུལ་ན་ད་བར་དུ་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དང་གློག་བརྙན་འཁྲབ་ཁྲིད་པ་ཞིག་མེད་པའི་ལོ་རྒྱུས་ཀྱི་མཇུག་བསྒྲིལ་སོང་བ་རེད།།


  • ལེ་ཚན་སྔོན་མ།:བོད་སྨན་ཆེད་མཁས་པ་བཀྲ་རྒྱལ།
  • ལེ་ཚན་རྗེས་མ།:སྲིད་ཇུས་ཀྱི་འཕྲིན་བཟང་སྒྲོག་པའི་དཔྱིད་ཀྱི་ཕོ་ཉ།དམངས་སེམས་ཀྱི་ཞིང་ས་གསོ་བའི་སྦྲང་ཆར་ཟིམ་མ།