ཀྱེ། ནམ་ཞིག་གི་གླུ་གཞས།

སྦྲང་བུ།        2018-07-09

ཟླ་བའི་ཟོལ་གྱིས་མུན་པ་གྱོན་པའི་ས་སྲོས་དེ།།

མིག་གིས་མཐོང་བའི་རྒྱང་རིང་ཞིག་གི་སྤྲིན་པ་ཡང་།།

གམ་དུ་སླེབས་ཤིང་ནམ་མཁའི་ངོས་གཅིག་ཡོལ་བ་ན།།

སྨུག་པ་རྒྱས་པའི་ཟླ་བའི་མི་དེ་གང་ལྟར་ཕྱིད།།

མེ་ཏོག་ཆར་ཞོད་ཆེ་བའི་དཔལ་རིས་སྨུག་ལྗོངས་ཀྱང་།།

རླུང་བུ་རྟ་རུ་བཞོན་པའི་བདག་ཉིད་རྟོག་པ་དེས།།

ཞེ་རུ་འཚེ་བའི་གུར་ཀུམ་མེ་ཏོག་སེམས་སུ་བཅིངས།།

སྣང་བ་དེ་ཡང་ཞེ་རུ་བཀོད་པའི་གཟུགས་འདས་སུ།།

རླུང་བུ་ཞིག་ལ་གློག་དམར་འཁྱུག་པའི་མི་ཞིག་ལ།།

སྣང་བ་རལ་བའི་སྐུད་པ་དེ་ཡང་འགུལ་བ་བཞིན།།

གླེགས་བམ་སེར་པོའི་མི་ཚེ་དེ་ཡང་མེད་གྱུར་ན།།

སྨག་རུམ་འཁྱིལ་ཞིག་སེམས་སུ་བབས་ན་ཅི་ཞིག་ཚོར།།

ཟླ་བའི་ནང་གི་མི་ཚེ་དེ་ལ་བསམ་གཞིགས་དེ།།

མཚན་མོ་དྲན་པའི་མཇུག་གཏམ་དེ་ཡང་ཤར་བས་ན།།

སྔོན་འགྲོ་རྐང་དྲུག་ཁྱེང་རང་བསུ་བ་ཅི་ཞིག་བདེན།།

བདེན་པའི་ནང་ནས་མི་ཚོགས་སྐག་པ་ངང་གིས་ཤེས།།

བྱེ་རླུང་སྤུར་བའི་ངོ་གདོང་ཞིག་ལ་ལྟ་ཐེངས་རེར།།

དྲི་མ་ཀློང་གི་འཇིག་རྟེན་གསར་བའི་མི་ཞིག་ཀྱང་།།

འོད་ཟེར་འཁྱིལ་བའི་གཞས་ར་ནང་གི་ཁྱེད་རང་ཡང་།།

ང་དང་རྒྱང་བའི་ཁོང་མོའི་སྐྲ་ལོ་ཞེ་རུ་འཐོམས།།

དུས་ཚོད་ནག་པོའི་ལས་དབང་གོན་པའི་དུམ་བུ་དེ།།

མེ་ཏོག་གཏོར་བའི་བློ་གཞོང་དེ་ལ་ཚུགས་པ་འདི།།

བགྲང་བྱའི་བག་ཏུ་གླེགས་བམ་སེར་པོའི་ཐ་སྙད་ལ།།

བརྩེ་མགུར་ཞེན་པའི་གཙང་འགྲམ་དེ་ན་ཆར་བ་འབབ།།

བརྒྱ་ཆའི་དབང་གིས་མི་ཚེ་ཕྱེད་ཀ་འདར་བ་འདི།།

རོང་ཁྱིམ་ཞིག་ན་ལང་ཚོའི་དཔལ་ཡོན་ལྷན་ཏུ་བཞད།།

ཞོགས་པ་ཞིག་ལ་མཐའ་མཇུག་དྲངས་བའི་མཚན་མོ་ཡང་།།

ཡིད་ཀྱི་བང་རིམ་གསེར་སྒ་དེ་ཡང་གདན་ཏུ་སྟན།།

ལང་ལོང་འབབ་པའི་རླུང་བུ་ནག་པོ་ཅི་ཞིག་ལགས།།

སིང་སིང་བཅིངས་བའི་འཚོ་བ་ལྗང་གུ་ཅི་ཞིག་ལགས།།

ཏག་ཏག་མིན་པའི་རི་སྒང་དྭངས་མ་ཅི་ཞིག་ལགས།།

ཞེ་འདྲིས་བཅངས་བའི་ལྷོད་མེད་ཆུ་བོར་ཅི་ཞིག་ལགས།།


  • ལེ་ཚན་སྔོན་མ།:དད་པའི་ལོ་འདབ་གསོན་པོ།
  • ལེ་ཚན་རྗེས་མ།:མཚན་མོའི་ཁེར་ལབ།