ཉམས་དབྱངས་སྟངས་སྟབས་ཅན།

འདྲུ་བཀྲ་ཤིས་རྒྱལ།        2018-05-25

མ་དག་སྣང་བ་ལན་ཆགས་ཞགས་པས་བསྡམས། །

བདག་གཞན་ལྟ་བས་ཆགས་སྡང་བསམ་པ་རྒྱས། །

གཞན་ཕན་བྱ་གཞག་སྙན་དང་གྲགས་པས་བཅད། །

རྣམ་དག་ལྷག་བསམ་བར་ཆད་ལམ་ན་ཧད། །

ཁས་བླངས་དམ་བཅའ་ཁྱད་བསད་ཡ་རབས་ཅན། །

ངག་འཁྱལ་ཁྲམ་སྨྲ་བསམ་པ་ཐ་དད་བྲལ། །

རྣམ་དཀར་ཟབ་རྒྱས་ལ་རྒྱ་ཨ་དར་ཤ། །

ཐབས་དང་དཀའ་སྤྱད་མཛད་བཟང་མཁས་པའི་རྒྱན། །

ལྷ་རྫས་དར་ལ་ཆགས་པས་ཟ་རྔམ་ཅན། །

བཟང་ངན་སྤང་བླང་རྣམ་ཐར་བག་ལ་ཞ། །

དྲང་བར་སྙད་བཏགས་ལས་འབྲས་རྒྱབ་ན་སྦས། །

ལས་ངན་གཡང་སར་ནམ་ནམ་ཞར་ཞར་བལྟ། །

རྒྱ་སྟག་ཤ་ལ་རྔམ་པ་གྲལ་ནས་བཤམས། །

འཆར་ཡན་མྱ་ངམ་ཐང་ན་དྲན་པ་བརྒྱལ། །

དཔྲལ་བ་གྱང་ལ་བརྡབས་ཀྱང་ཁ་བ་ཅན། །

ལྟས་ངན་བག་ཆགས་མཚང་བྲལ་ཆ་མ་འཚལ། །

ད་ལྟ་ཁ་བ་ཅན་རྣམས་བག་ཡངས་པས། །

གང་ཟག་ལྷག་བསམ་ཅན་དག་ཨ་ཐང་ཆད། །

དབྱངས་གསལ་ལག་བསྟར་བྱ་བ་ཉམ་ཐག་ཆགས། །

ཕ་སྐད་གཙང་མ་སྨྲ་བར་རང་རྟགས་ཉམས། །

ཚ་གྲང་དཀའ་སྤྱད་བསམ་པ་སྤངས་བྱས་ནས། །

ཐ་མ་ཁ་དང་ཆང་རག་ཞལ་རྒྱན་བྱས། །

ཛ་དྲག་ལས་དང་ནང་འཐབ་བྱ་བར་འབད། །

རང་སྣང་རྒྱ་ཡན་གངས་ཅན་ཉམས་ཕམ་ལྟས། །

ཆགས་སྡང་སྐས་ལ་ཐ་མལ་གང་ཟག་ཆས། །

ངན་བཤགས་རྨ་ཁ་ལན་ཆགས་བྲག་ལ་བརྡབས། །

ཁ་མཁས་ངག་འཇམ་བསམ་བཟང་རྩ་བ་ཆད། །

མ་དག་ལྷད་རྣམས་ཨ་མཚར་ཅན་ཙམ་གདའ། །

མཁས་པས་ལྟ་བ་ཟབ་པ་གཏན་ལ་ཕབ། །

ཁྱད་འཕགས་བསླབ་བྱ་གསལ་རྒྱས་ཚང་བར་གདམས། །


  • ལེ་ཚན་སྔོན་མ།:མེན་ཧྲ་རི་སྒང་གི་རེག་ཟིག
  • ལེ་ཚན་རྗེས་མ།:དར་རྩེ་མདོའི་མཚན་གཞས།