ཚོད་ཚོད་ལ་ང་རང་རྒས་སོང་།

ཞིང་ཕྲུག་སྨྱོན་པ།        2018-03-14

ཐུན་གསུམ་སྔས་ལ་བརྒྱབ་པའི་དེ་རིང་།

ལོ་ཟླ་མང་པོ་རླུང་ལ་བསྐུར་བས།

ཁ་སང་མང་པོ་ཞིག་འདི་ལྟར།

མིག་མདུན་ནས་བྲོས་སོང་།

འདས་དོན་རྨི་ལམ་བཞིན་ཡིད་ལ་འཆར་དུས།

ཡོད་ཚད་ལ་ཕངས་སེམས་སྐྱེས་བྱུང་།

དཔེ་ཁུག་རྒྱབ་ཏུ་འཁུར་བའི་ཁ་སང་གི་གཏམ་རྒྱུད།

ཁ་སྤུ་རྫོབ་རྫོབ་ཀྱི་ཁེངས་པའི་དེ་རིང་གི་གདོང་པ།

འདི་ལྟར། ཚོད་ཚོད་ལ་ང་རང་རྒས་སོང་།

ཕུགས་བསམ་སྒྱིད་ལུག་གི་ཟད་པའི་ནམ་ཟླ་རིང་པོར།

འཆར་གཞི་གཉིད་ཀྱིས་ཟིན་པའི་སྐྲ་ལོ་ནག་པོར།

དུས་ཀྱིས་ཁ་བ་བབས་པའི་དཔྲལ་བའི་གཉེར་རིས།།

འདི་ལྟར། ཚོད་ཚོད་ལ་ང་རང་རྒས་སོང་།


ལོ་ཟླ་ཆུ་མོ་བཞིན་ཤོར་འགྲོ་དུས།

ང་རང་འཁྱགས་པ་བཞིན་དམ་དུ་བཅིངས་ཡོད།

འདོད་པའི་རེ་བ་མ་ཎི་བཞིན་བཟློ་སྐབས།

ལག་ལེན་གྱི་བསམ་པ་འཇའ་ཚོན་བཞིན་ཡལ་བས།

ལག་པ་སྟོང་པར་ལོ་ཟླའི་རྗེས་སུ་བསྙེགས་དུས།

འདི་ལྟར། ཚོད་ཚོད་ལ་ང་རང་རྒས་སོང་།

འགྱོད་སེམས་ཀྱི་གཉེར་རིས་བརྩེགས་ཡོད།

ཕངས་སེམས་ཀྱི་སྨྲེ་ངག་ཤོར་སོང་།

ཡིད་ཆད་ཀྱི་བསམ་པ་སྟོང་པས།

འདི་ལྟར། ཚོད་ཚོད་ལ་ང་རང་རྒས་སོང་།

ཕྱིན་ཟིན་པ་དུས་ཚོད་ཡིན་ན།

བརླག་སོང་བ་ཡང་དུས་ཚོད་ཡིན།

འདི་ལྟར་ཁྲལ་སེལ་སླ་བཅོས་ཀྱིས་ལོ་ཟླ་འགྲིམས་སྐབས།

འདི་ལྟར། ཚོད་ཚོད་ལ་ང་རང་རྒས་སོང་།


  • ལེ་ཚན་སྔོན་མ།:འཚོ་བའི་ངོ་གདོང་ནས་དཀྲོལ་བའི་རོལ་དབྱངས།
  • ལེ་ཚན་རྗེས་མ།:དཔྱིད་ཀྱི་རང་མདངས།