དུས་ཀྱི་ཚིགས་མལ།

རི་འཚེར་བསོད་ནམས་རྡོ་རྗེ།        2018-02-01

      དཔྱིད་ཀྱི་གོམ་སྒྲ།

      དཔྱིད་ཀྱི་ཕོ་ཉས་འགྲམ་ལྕག་ཚ་མོས་དགུན་གསུམ་གྲང་རེག་རྒྱང་དུ་སྤྱུགས། །

      དྲི་བཞོན་བུ་མོ་ཁད་ཀྱིས་ལྡང་ཞིང་ཉལ་འགྲོ་གཙང་མོ་སྦུབས་ལས་གྲོལ། །

      ཆུ་ཕྲན་སྔོན་མོས་མགྲིན་པ་བཏེགས་ཏེ་སྙན་འཇེབབས་དབྱངས་ཀྱི་འགྱུར་བག་རྒོད། །

      རྐང་འཐུང་རྩི་ཤིང་མགོ་བོ་དགྱེ་ཞིང་འཛུམ་པའི་མེ་ཏོག་བཞད་པར་རྔམ། །

      དབྱར་གྱི་མཛེས་སྡུག

      ཀུན་ཕན་ཡབ་ཡུམ་སྡུག་པའི་ཞལ་གྱི་མེ་ཏོག་འདབ་སྟོང་འཛུམ་པ་ལས། །

      སྦྲང་བཅུད་འཛིན་པའི་རྐང་དྲུག་ཚོགས་རྣམས་མ་བོས་མགྲོན་བཞིན་ངང་གིས་འདུས། །

      གླུ་གཞས་སྙན་མོ་དབྱངས་སུ་འགུག་པའི་ལང་ཚོས་སྒེག་པའི་ན་ཆུང་ནས། །

      གཡང་ལྡན་ཞིང་ས་གཤིན་པོའི་སྟེང་ན་སྤྲོ་བའི་ཉམས་སྣང་ཅི་ཡང་སྟོན། །

      སྟོན་གྱི་བྲེལ་འཚུབ།

      ཁུར་གྱིས་དུད་པའི་འཁྲི་ཤིང་ཚོགས་ཀྱིས་འབྲས་བུ་མ་ཐེག་འཁུན་སྒྲ་འབྱིན། །

      སིལ་བདག་བགྲེས་པོ་རབ་ཏུ་དགྱེས་ཏེ་འཛུམ་བག་གཉེར་མ་ཤིག་ཤིག་འགུལ། །

      ལྗོན་པའི་སྐྲ་ལོ་རིམ་གྱིས་སེལ་ཏེ་མངོན་རྟགས་ཟུར་མིག་བསྟན་པ་ན། །

      འབུ་སྦྲང་ཕྱེ་ལེབ་ཁྱུ་ཚོགས་མལ་ལ་གཟིམ་པའི་སྟ་གོན་ཡང་ཡང་བྱེད། །

      དགུན་གྱི་གདུག་རྩུབ།

      དྲེད་མོང་འཕྱི་བ་ལ་སོགས་སེམས་ཅན་བདེ་མོའི་གཉིད་ཀྱི་དཔལ་ལ་རོལ། །

      གཅེར་བུར་ལུས་པའི་ལྗོན་ཤིང་དག་གིས་གྲང་རླུང་མ་བཟོད་ཤུགས་གླུ་ལེན། །

      རི་ལུང་ཀུན་ཏུ་ལྷབ་ལྷུབ་བསྐྱོད་པའི་ཁ་བའི་མེ་ཏོག་བར་མེད་འབབ། །

      དགུན་གསུམ་རྒན་པོའི་ལུས་ཟུངས་ཟད་དེ་སྐྱོ་བའི་རྣམ་འགྱུར་ཅི་ཡང་སྟོན། །


  • ལེ་ཚན་སྔོན་མ།:མ་ཡུམ་ལགས།
  • ལེ་ཚན་རྗེས་མ།:བརྩེ་བ་སེམས་ཀྱིས་གླན་པའི་སྨྲེང་སྐྱོ།