ཕ་ཡུལ་ལ་བསྟོད་པ་གཡུ་སྦྲང་གཞོན་ནུའི་གཤོག་སྒྲ།

ཉི་མ་ནོར་བུ།        2017-11-22

        རབ་མཛེས་ལྟ་ན་སྡུག་པའི་ཐ་གྲུ་འདི། །

      མཚུངས་ཆོས་འགྲན་ཟླ་བྲལ་བའི་སྐྱེད་མོས་ཚལ། །

      ཡིད་འོང་ཉམས་དགའི་སུམ་རྩེན་མ་ལགས་ཏེ། །

      འཕགས་པའི་གདུལ་ཞིང་ཉིད་ཕྱིར་སཱ་ལའི་ལྗོངས། །

      ལྷ་ཡི་དཔལ་ལ་འགྲན་ཅིང་ནོར་གཏེར་གྱི། །

      དངོས་གྲུབ་ཆར་དུ་འཇོ་བའི་དཔྱིད་གཅིག་པུ། །

      བྷོ་ཊའི་ལྗོངས་ཆེན་གང་གི་ཁྱད་ཆོས་ཀྱིས། །

      གདངས་ཅན་ཀླུ་ཡི་ཡུལ་གྱི་སྙན་པ་འགོག །

      གྲང་ཞིང་བསིལ་ལ་རྡུལ་བྲལ་རྣམ་པ་ཅན། །

      མགྱོ གས་ཤིང་འཇམ་ལ་རྟག་ཏུ་ལྷུང་ལྷུང་འབབ། །

      དྭངས་ཤིང་གཙང་ལ་མགྲིན་པའི་དཔལ་གྱུར་བ། །

      མཐོ་སྒང་ཆུ་བོ་ཀུན་ལ་ཕན་པའི་གཏེར། །

      སྐབས་གསུམ་གནས་ཀྱི་ཉམས་དགའི་སྐྱེད་ཚལ་ན། །

      ཚངས་པའི་སྲས་མོ་བཞད་པའི་སྒྲ་དབྱངས་སམ། །

      བོད་ཡུལ་ལྗོན་པའི་ཚལ་གྱི་འཇོལ་མོའི་སྐད། །

      གང་ཡིན་མ་ངེས་བདག་སེམས་འཕྱང་མོ་ཉུག །

      མཐའ་ཡས་རྩྭ་ཐང་ཀུན་གསལ་ཁྱོན་ཡངས་ལ། །

      ཕྱུགས་རིགས་རྟ་ནོར་ལུག་གསུམ་སྐར་ཚོགས་བཀྲ། །

      རྫི་གླུ་སྙན་མོ་ཁུ་བྱུག་མགྲིན་པའི་སྒྲ། །

      ཕ་ཡུལ་བསིལ་ལྡན་ལྗོངས་ན་ལྷང་ངེར་སྒྲོགས། །

      བསླབ་གསུམ་རྩ་བ་རབ་བརྟན་རི་དབང་རྩེར། །

      འཆད་རྩོད་རྩོམ་གསུམ་ཡར་ངོའི་ཟླ་བ་ཚེས། །

      ཐོས་བསམ་སྒོམ་པའི་འོད་སྣང་ཕྱོགས་སུ་འཕྲོ། །

      ཕ་ཡུལ་ཆོས་སྡེ་མུན་སེལ་ནོར་བུའི་འཚོ། །

      རིག་པའི་སློབ་གླིང་རང་བྱུང་སྐྱེད་མོས་ཚལ། །

      ན་ཆུང་སློབ་བུ་གཡུ་སྦྲང་གཞོན་ནུ་རྣམས། །

      སྦྱང་བརྩོན་གཤོག་ཟུང་འདབ་ཡངས་རང་བརྐྱངས་ནས། །

      ཤེས་བྱ་སྦྲང་རྩི་གསོག་ལ་ཅི་ཡང་བྲེལ། །

      ཕྲ་ལྡེམ་ལང་ཚོ་པད་རྩ་གཞོན་ནུ་ལ། །

      གཉེན་ལྕུག་ལག་སོར་ཡལ་འདབ་དལ་བར་གཡོ། །

      དུང་སེམས་གཡུ་ཆུང་སྦྲང་མ་འགུག་པ་ཡི། །

      གངས་ལྗོངས་སྨན་ཤར་རྣམས་ནི་མེ་ཏོག་ཚལ། །


  • ལེ་ཚན་སྔོན་མ།:འཆར་ཡན་ཁྲོད་ཀྱི་སྙིང་ཉེ།
  • ལེ་ཚན་རྗེས་མ།:དུང་ཟླ་ཚེས་པས་སེམས་པ་འཁྲེང་།