རྡོ་ཞིག་ཡིན་རུང་ནོར་བུར་གྱུར་སྲིད།

ཕུར་བུ་བཀྲ་ཤིས་དང་ལྷུན་གྲུབ་ཀྱིས་རྩོམ་སྒྱུར་བྱས།        2017-04-05

   སྔོན་དུས་སུ་འདུ་འཛི་ཆེ་བའི་གྲོང་ཁྱེར་ཞིག་ཏུ་ཕ་མ་གཉིས་ཆུང་དུས་ནས་འདས་ཤིང་སྤྲང་པོར་གྱུར་བའི་གཞོན་ནུ་ཞིག་ཡོད། ཁོ་ཉིན་ལྟར་ཁྲོམ་སྲང་ཁག་ཏུ་ཟས་སློང་དུ་འགྲོ་བ་དང་། དགོང་མོ་འཁྱམ་ཁྱི་འདི་དག་དང་མཉམ་དུ་ལམ་ཟུར་ཁག་ཏུ་ཉལ་ནས་སྡོད་ཀྱི་ཡོད། འདི་ལྟར་ལོ་ཟླ་དུ་མ་སོང་ཞིང་གྲོང་ཁྱེར་འདིའི་ནང་གཞོན་ནུ་འདི་ངོ་མི་ཤེས་མཁན་ཉུང་ཉུང་ཡིན་ལ་ཚང་མས་ཁོ་ལ་མཐོང་ཆུང་དང་ཁྱད་གསོད་ཆེན་པོ་བྱེད་ཀྱི་ཡོད། འཚོ་བའི་དཀའ་སྡུག་འདི་དང་གྲོང་ཁྱེར་བ་ཚོའི་སྙིང་རྗེ་མེད་པའི་རྣམ་འགྱུར་འདི་དག་བསམ་ཞིང་ཁོས་རང་ཉིད་ཀྱི་འབྱུང་འགྱུར་ལ་འཇིགས་པ་དང་ཐེ་ཚོམ་སྐྱེས་པ་དང་ལན་མང་པོར་འདི་ལྟ་བུའི་མི་ཚེ་སྐྱེལ་བ་ལས་འཆི་ན་ཡང་མི་དགའ་འམ་སྙམ།   ཉིན་ཞིག་གྲོང་ཁྱེར་འདིའི་ནང་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་མཐོ་བའི་བླ་མ་དམ་པ་ཞིག་ཕེབས་ཡོད་པ་དང་། ཁྲོམ་གཞུང་དུ་གཟིགས་སྐོར་ལ་ཕེབས་སྐབས་ལམ་ཟུར་ཞིག་ནས་ཡ་ང་དགོས་པའི་གཞོན་ནུ་འདི་གཟིགས་ཏེ་སྙིང་རྗེ་ཆེན་པོས་ཁོ་ལ་དཀའ་སྡུག་ཅི་འདྲ་ཡོད་མིན་བཀའ་འདྲི་གནང་། དེ་འཕྲལ་ཁོས་འདྲེན་བྱེད་ཟུང་མཆི་མས་བརླན་ཞིང་རང་གི་མི་ཚེ་གང་པོའི་ནང་འཕྲད་པའི་བར་ཆད་དང་སྡུག་བསྔལ་རྣམས་མ་ལུས་པར་ཞུས་པ་མ་ཟད། ད་ནི་འཇིག་རྟེན་འཁོར་བ་འདིར་འདུག་ཐབས་མེད་པའི་ཚུལ་རྣམས་ཇི་བཞིན་དུ་ཞུས་པས། བླ་མ་དམ་པ་ཁོང་ཡང་མགྲིན་པ་བརྣངས་ཤིང་འཚོ་བར་ཡིད་ཐང་ཆད་མི་རུང་ཞིང་རང་གིས་རང་ལ་ཡིད་ཆེས་བྱས་ན་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་ངེས་ཡིན་ཚུལ་ཞལ་སློབ་མང་དུ་གནང་མཐར། གྲོང་ཁྱེར་འདིའི་མཐའ་ན་གཙང་པོ་ཆེན་པོ་ཞིག་ཡོད་པ་འདིའི་ངོགས་སུ་འཁྲིད། ལྷུང་ལྷུང་དུ་བཞུར་བའི་གཙང་པོ་འདིའི་ངོགས་སུ་སྔོ་ལྗང་གི་རྩྭ་ཕྲན་གང་སར་ཁེབས་ཤིང་བཟོ་ལྟ་འདྲ་མིན་གྱི་ཆུ་རྡོ་ཡང་མང་པོ་ཡོད། གློ་བུར་དུ་ཁོང་གིས་ཆུ་རྡོ་སྣུམ་འཚེར་འཚེར་ཞིག་ལ་མཛུབ་མོ་བཙུགས་བཞིན་ཁྱེད་རང་རྡོ་འདི་འཁྱེར་ནས་སང་ཉིན་ཞོགས་པ་ཁྲོམ་རར་འཚོང་བར་སོང་དང་། འོན་ཏེ་མི་ཚོས་དངུལ་ག་ཚོད་སྤྲད་ཟེར་ཡང་རྩ་བ་ནས་འཚོང་མི་རུང་། ཞེས་ཞལ་མངགས་གནང་།

     བླ་མའི་གསུང་འདི་ཐོས་པ་དང་ཁོ་རང་ཐེ་ཚོམ་གྱི་རྒྱ་རུ་ལྷུང་ཞིང་། ཨཱ་ཡ་མཚན། སྤྱིར་བཏང་གི་རྡོ་ཞིག་ལ་སུས་དངུལ་སྤྲོད་དམ། ཁོང་གིས་ང་ལ་ཞལ་རྫུན་ནི་གསུངས་དོན་མེད་སྙམ་བཞིན། རྡོ་འཁྱེར་ནས་ལོག་ཕྱིན་པ་དང་ཉིན་གཉིས་པར་ཁྲོམ་གཞུང་གི་ཁུག་ཀྱོག་ཅིག་ཏུ་རྡོ་འདི་བསྟན་ནས་བསྡད། ཁྲོམ་གཞུང་དུ་ཡར་འགྲོ་མར་འགྲོ་བྱེད་མཁན་གྱི་མི་ཚོགས་ཤིན་ཏུ་མང་པོ་ཡོད་རུང་། དེ་ཉིན་ཁོའི་རྡོ་ལ་བལྟ་མཁན་གཅིག་ཀྱང་མེད་པ་དང་། ཉིན་གཉིས་པར་ཡང་གང་ཡང་མ་བྱུང་། སླར་ཡང་ཡིད་ཆད་དང་སོམ་ཉིའི་སྒྲོག་ཏུ་ཚུད་པའི་གཞོན་ནུ་འདི་ཉོབ་མདངས་དང་བཅས་ཁྲོམ་གཞུང་འདིར་གོམ་པའི་འདེགས་འཇོག་བསྒྱུར་ཞིང་། དེ་ཉིན་ཁོ་ལ་གོང་ཚད་སྐད་ཆ་འདྲི་མཁན་གྱི་མི་འགའ་ཤས་བྱུང་། དེ་ནས་ཉིན་བཞི་པར་རྡོ་འདི་ཉོ་འདོད་བྱེད་མཁན་མང་པོ་ཡོད་པ་དང་། ཉིན་ལྔ་པའི་སྐབས་རྡོ་འདིའི་གོང་ཚད་མཐོན་པོར་སླེབས་ཡོད།

     དེ་ཉིན་དགོང་མོ་གཞོན་ནུ་འདི་དགའ་སྤྲོའི་འཛུམ་མདངས་དང་བཅས་བླ་མའི་སྐུ་མདུན་དུ་བཅར་ཞིང་། སྤྱིར་བཏང་གི་རྡོ་འདི་འདྲ་ཞིག་ལ་གོང་ཚད་མཐོན་པོ་འདི་འདྲ་རག་པ་དངོས་གནས་ཕྲན་གྱི་བསམ་ཡུལ་ལས་འདས་སོང་། ཞེས་ཞུས་པ་དང་། བླ་མས་བྱམས་བརྩེའི་འཛུམ་དང་བཅས། སང་ཉིན་གསེར་འཚོང་ཁུལ་དུ་འཁྱེར་དང་། མི་གཞན་གྱིས་གོང་ཚད་ག་ཚོད་སྤྲད་ཀྱང་འཚོང་མི་རུང་། ཞེས་གསུངས་སོ།།

    ཁོས་ཀྱང་བླ་མའི་བཀའ་བཞིན་གསེར་འཚོང་ཁུལ་དུ་ཕྱིན་པ་དང་། ཉིན་དང་པོ་དང་གཉིས་པ་ཟིན་ཞིང་ཉིན་གསུམ་པའི་ཐོག་མི་མང་པོ་ཁོའི་རྩར་འདུས་ཡོང་བ་དང་། ཉིན་འགའ་ཤས་སོང་རྗེས་གོང་ཚད་འདྲི་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། གོང་ཚད་ཀྱང་གསེར་ལས་མཐོ་བ་འབོད་ཀྱི་ཡོད་མོད་རྩ་བ་ནས་འཚོང་འདོད་མ་བྱས་སྟབས། མི་ཚོའི་མཚར་སྣང་དེ་བས་ཤུགས་ཆེར་ཕྱིན་ནས་རྡོ་འདིའི་གོང་ཚད་ཀྱང་ཇེ་མཐོར་འགྲོ་ཡི་ཡོད།

   ཡིད་ཆེས་ཀྱིས་ཕྱུག་པའི་གཞོན་ནུ་འདི་སླར་ཡང་བླ་མའི་གམ་དུ་ཕྱིན་པ་དང་། བླ་མས་ཁོ་ལ། སང་ཉིན་རིན་ཆེན་འཚོང་སར་སོང་ཞིག  གཞན་གྱིས་དངུལ་ག་ཚོད་སྤྲད་ཀྱང་ཡེ་ནས་འཚོང་མི་རུང་།  ཞེས་གསུངས་པ་ཇི་བཞིན་དུ་རིན་ཆེན་འཚོང་སར་ཕྱིན་པས། སླར་ཡང་གོང་དང་འདྲ་བའི་གནས་ཚུལ་ཐོན་ཏེ་མཐའ་མཇུག་རྡོ་འདིའི་རིན་གོང་རིན་ཆེན་ལས་ཀྱང་མཐོ་བ་ཡོད་པ་དང་། མི་མང་པོས་འདི་ནི་སྲིད་ན་དཀོན་པའི་རྩ་ཆེའི་ནོར་བུ་ཞིག་རེད་ཅེས་བརྗོད།

     འདི་ལྟ་བུའི་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་པ་དང་། གཞོན་ནུ་འདི་ཧ་ལས་པར་གྱུར་ཏེ་བླ་མ་དམ་པ་ཁོང་གི་སྐུ་མདུན་དུ་བཀའ་འདྲི་ཞུ་བར་ཕྱིན་པ་དང་ཁོང་གིས་ཐུགས་གཤིས་འཇམ་པོའི་ངང་། དོན་དུ་མི་དང་བྱ་དངོས་མཐའ་དག་གནས་ལུགས་འདི་རང་ལས་མ་འདས་ཏེ། གལ་ཏེ་ཁྱེད་ཀྱི་བསམ་པར་རང་ཉིད་ནི་རིན་ཐང་གང་ཡང་མེད་པའི་རྡོ་ཐབས་ཆག་ཅིག་ཡིན་སྙམ་ན་ཁྱེད་རང་དུས་ནམ་ཡང་ཉམ་ཆུང་གི་རྡོ་ཞིག་རང་ཡིན་ཞིང་། གལ་ཏེ་རང་ཉིད་ནི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་ཡིན་པར་འགྱུར་མེད་ཀྱི་ཡིད་ཆེས་ཤིག་ཡོད་ན། ད་གཟོད་ཁྱེད་རང་ནི་ཀུན་གྱིས་ཡིད་སྨོན་འཆོར་སའི་ནོར་བུ་ཞིག་ཏུ་འགྱུར་རྒྱུ་བསྙོན་དུ་མེད་དོ། ། ཞེས་གསུངས་སོ། །

  • ལེ་ཚན་སྔོན་མ།:བྱེ་མ་དང་མུ་ཏིག
  • ལེ་ཚན་རྗེས་མ།:ཞྭ་མོ་གྱང་གི་ཕྱི་ལ་གཡུག་དགོས།