བདག་གི་གསར་རྩོམ་གྱི་ལམ་ཕྲན།

མི་ཉག་བཀྲ་ཤིས་ཆོས་ལྡན།        2016-12-02

ཐོག་མར་འདི་ལྟར་བཤད་འདོད་དེ།   རྩོམ་རིག་ནི་བདག་གི་སེམས་པ་སྨྲེང་བའི་སྐབས་སུ་ཁེར་བཤད་རྒྱག་ས་དེ་ཡིན་ཞིང་དྲན་པ་དུབ་པའི་ཚེ་ན་སྐུལ་འདེད་བྱེད་མཁན་དེའང་ཡིན།  སྙན་ངག་ནི་བདག་གི་ཆགས་སྡང་འཕར་བའི་དུས་སུ་ཚོར་བ་རྒྱས་ས་དེ་ཡིན་ཞིང་བློ་མིག་རུབ་པའི་ཡུན་ལ་ལམ་སྟོན་བཟོ་མཁན་དེའང་ཡིན།
དེའི་ཕྱིར།  བདག་ནི་རྩོམ་ཡིག་དང་རྩོམ་པ་པོ་མང་པོས་བཞག་པའི་བག་ཆགས་སྟུག་པོ་ཞིག་གིས་ཡོངས་སུ་བཟི་ནས་ཡོད་པའི་རྩོམ་དགའ་བ་ཞིག་ཡིན་སྟབས། གསར་རྩོམ་གྱི་ཉམས་མྱོང་ཟེར་ཡང་ཆོག་རང་ཉིད་དང་རྩོམ་རིག་བར་གྱི་ལས་འབྲེལ་ཞེས་ཀྱང་རུང་། གང་ལྟར་སྙན་ངག་གི་འཇིག་རྟེན་ཡངས་པོ་འདི་ནས་སྙན་ངག་ལ་བཅངས་པའི་རེ་ཞེན་རྣལ་མ་དག་ནི་ཇི་བཞིན་བརྗོད་ཐུབ་པ་ཞིག་ལར་ནས་མ་རེད།
འདི་ལྟར་གསར་རྩོམ་གྱི་མྱོང་ཚོར་གླེང་འོང་དུས་བྱིས་པའི་དུས་ཀྱི་རེས་སྐྱིད་རེས་སྡུག་གི་མངར་སྐྱུར་འདྲེས་མའི་འཚོ་བའི་སྐས་རིམ་དག་ནི་མི་དྲན་ཐབས་ཟད་ཅིག་ཏུ་གྱུར།  ད་དུང་།  ངས་བྱིས་པའི་དུས་ཀྱི་འཚོ་བའི་ཁ་དོག་དང་ཁོག་ཡུག་གི་མཛེས་པ།  སེམས་ཀྱི་སྤྲོ་སྣང་དང་གླིང་སྒྲུང་གི་བསླུ་བྲིད་སོགས།   སྐབས་དེ་དུས་ཀྱི་མག་མོག་གི་སྣོད་བཅུད་དག་གི་སྣང་བརྙན་ནི་ངའི་རྩོམ་ཡིག་གསར་པ་དག་གི་བརྗོད་དོན་དུ་བཟུང་མྱོང་། དེ་ལྟར་སྙན་ངག་ཁྲོད་ཀྱི་ཕྱིར་དྲན་རེ་རེས་ངའི་ལུས་ངག་ཡིད་གསུམ་འདར་བར་བྱས་ཤིང་མིག་ཆུ་ཁྲོམ་ཁྲོམ་དུ་འཛག་པར་བྱས་མྱོང་། དེར་བརྟེན། ང་རང་གསར་རྩོམ་ལ་ཞུགས་པ་ནས་བཟུང་ཕྱིར་དྲན་དང་སྨྲེང་བརྗོད་ནི་སྙན་ངག་ཕལ་ཆེ་བའི་བརྗོད་སྙིང་ཞིག་ཏུ་གྱུར་ཤོར།
སྙན་ངག་ཅེས་པའི་རྗོད་བྱེད་ཚིག་གི་ཐ་སྙད་མཛེས་པོ་དེ་ཤིན་ཏུ་དོག་པའི་ངའི་ཁོར་ཡུག་ན་ཚོར་མཁན་ཧ་ཅང་ཉུང་སྟབས། ཡུན་རིང་པོར་བདག་ལ་གསར་རྩོམ་གྱི་རྡོག་ལམ་རྙེད་པའི་བསྐལ་བཟང་མ་ཐོབ།  2005 ལོར་སློབ་མཚམས་སྐབས་ཕ་ཡུལ་དུ་མ་ཕེབས་པར་སློབ་གླིང་ནས་སྙན་ངག་གི་མེ་ཏོག་བཏུས་པའི་སློབ་གྲོགས་ཤིག་གིས། ཚིགས་བཅད་སྙན་ངག་འགའ་བདག་གི་རྣ་ལམ་དུ་གྱེར་བ་ནས་བཟུང་། བདག་ལ་ཕྲག་དོག་འགོག་མེད་དུ་འཕེལ་ཏེ་སྙན་ངག་གི་གཞུང་ལུགས་ལ་འཇུག་འདོད་ཀྱི་སེམས་པ་གཙང་བོའི་རླབས་ལ་འདྲེས་རུང་།  ནང་དོན་རིག་པ་ཞེས་པའི་གཞུང་ལུགས་རིང་མོ་དེས་བདག་ལ་སྙན་ངག་སྦྱོང་པའི་གོ་སྐབས་རྨང་ནས་འཕྲོག་ཅིང་ད་བར་དུ་དུས་ཚོད་འབོར་ཆེན་ཞིག་ནང་དོན་རིག་པར་སྐྱེས་སུ་ཕུལ་དགོས་བྱུང་།
བར་དང་མཚམས་སུ། བདག་གིས་དུས་ཚོད་ཀྱི་འཕྲང་ལམ་དོག་པོ་རེ་རེ་ནས་སྙན་ངག་དང་རྩོམ་རིག་ལ་བཅངས་བའི་བརྩེ་གདུང་ཇེ་ཟབ་ཏུ་བཏང་སྟེ།  རྩོམ་ཡིག་དང་སྙན་དེབ་ཀློག་པ་ནི་འཚོ་བའི་གོམས་གཤིས་སུ་གྱུར་ཅིང་།  གཅན་རང་སད་དང་སྨྲེ་སྤྲུལ་བསྟན་འཛིན་རྒྱ་མཚོ་སོགས་ཀྱི་སྙན་དེབ་རེ་ཟུང་དག་མུ་ནས་བཀླག་ཅིང་དེར་སྤོ་འབྲི་དང་ལད་ཟློས་ཀྱི་གསར་རྩོམ་གྱི་གོམ་པའི་འདེག་འཇོག་རིང་དུ་སྤོས་ཤིང་།  མཐར་རང་གིས་བྲིས་ཤིང་གྲོགས་པོས་བཅོས་པའི་སྙན་རྩོམ་རེ་འགའ་གུར་ཀུམ་ཆུན་པོ་སོགས་སྒེར་གཉེར་དུས་དེབ་མང་པོར་བཀོད།
དེ་ལྟར་ལོ་འགའ་འགོར་རྗེས།  སྙིགས་སྒྲོམ་དུ་གཡུག་དགོས་པའི་རྩོམ་ཡིག་བགྲང་ལས་འདས་པ་ཞིག་ཕུད།  ཅུང་སྤུས་ཀ་ལྡན་པའི་སྙན་རྩོམ་དང་ལྷུག་རྩོམ། རང་མོས་དང་དཔྱད་རྩོམ་བཅས་ཀྱིས་གྲུབ་པའི་སྒེར་གྱི་ཆེད་དེབ༼  མེལ་ཚེ ༽ ཞེས་པ་མི་ཡུལ་དུ་བཀྲམ་པ་ནས་བཟུང་། རྩོམ་འབྲི་བ་ཞེས་པའི་ཐ་སྙད་ལྗིད་མོ་ཞིག་ཕྲག་པར་ལྷུང་ཞིང་མ་ཟད་བདག་གི་སྙན་ངག་རེ་ཟུང་ལ་དཔྱད་བརྗོད་སྤེལ་མཁན་ཡང་བྱུང་། དེ་ལྟར་གསར་རྩོམ་གྱི་རྡོག་ལམ་ཕྲ་མོ་དེ་ནས་ཡ་ཡོ་འཁྱག་འཁྱོག་གིས་ཡུན་གྱིས་བཞུད་དུས། དཀའ་ངལ་མང་པོ་ཞིག་དང་ཕྲད་པ་བཤད་མ་དགོས་པ་ཞིག་སྟེ།  དཔེར་ན། རྩ་བའི་ཐ་སྙད་ཀྱིས་མི་འདང་བ་དང་བརྗོད་བྱས་དབེན་པ།  ཚིག་གི་གོང་འོག་འབྲེལ་མི་ཆགས་པ་དང་རྩོམ་ལུས་མཇུག་སྐྱོང་མི་ཐུབ་པ།  ཚིགས་བཅད་འབྲི་སྟངས་ཅུང་ཡག་ཏུ་ཕྱིན་དུས་ཚིག་ལྷུག་འབྲི་སྟངས་ལ་ཉམས་ཆག་ཤོར་འགྲོ་བ་སོགས་ཀྱིས་མཚོན་ནོ།།
ལར།དགོན་སྡེ་དག་ན་སྙན་ངག་འབྲི་མཁན་དང་རྩོམ་ཡིག་སྤེལ་མཁན་དེ་ཚོར་གདེངས་འཇོག་དེ་ཙམ་མེད་ཅིང་། ཁྱད་པར་དུ། རིག་གནས་པ་དག་ནི་གོ་གནས་ཉམ་ཆུང་ཞིང་ཁོར་ཡུག་གུ་དོག་པའི་དབང་གིས་གསར་རྩོམ་ལ་གནོན་ཤུགས་ཆེན་པོ་ཐེབས་ཡོད་པའང་སྨོས་མེད་རེད། ལྷག་པར་དུ་བླ་རྒན་མང་ཤས་ཀྱི་ངག་རྒྱུན་དུ་"གཞུང་ཆེན་པོ་དག་ལ་སྦྱོངས་དང་རིག་གནས་ཕྲན་ཚེགས་ཞོར་དུ་ཤེས་ཡོང་"ཞེས་པའི་སྐད་ཆ་འདིས་དགོན་སྡེའི་ཁྲོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་བར་ཆད་ཆེན་པོ་བཟོས་ཡོད་སྙམ། ངའང་དེ་བཞིན་ཡིན་པས་རྩོམ་རིག་ཆེད་སྦྱོང་དང་དམིགས་བསལ་གྱིས་ཉམས་མྱོང་མེད་སྙམ།     ད་སྔོན་ཡིད་ཚིམས་པ་ཞིག་འབྲི་སྦྱོང་བྱེད་མ་ཐུབ་ནའང་།  ཉེ་བའི་ལོ་ཤས་ལ་གངས་རྒྱན་མེ་ཏོག་སོགས་དུས་དེབ་གྲགས་ཅན་འགར་རྩོམ་ཡིག་རེ་ཟུང་བཀོད་ཐུབ་ཅིང་རྩོམ་རིག་དགེ་རྒན་ཐེབས་ཆག་ཅིག་གི་མིང་ཐོགས་པ་ནས་བཟུང་།   གསར་རྩོམ་གྱི་གོམ་ཁ་སྔར་ལས་ཅུང་ཇེ་མགྱོགས་སུ་སོང་ཞིང་། མ་འོངས་གསར་རྩོམ་གྱི་མདུན་ལྗོངས་ལ་ཡིད་ཆེས་དང་སྤོབས་པས་ཁེངས་ནས་ཡོད། དེའི་ཕྱིར། རྩོམ་རིག་ནི་ཐུན་དྲུག་ལ་ཁ་འབྲལ་ཐབས་མེད་པའི་བདག་གི་སེམས་ཀྱི་ལོངས་སྤྱོད་ཅིག་ཏུ་གྱུར། ལྷག་པར་དུ་ངས་ནམ་ནམ་ཞར་ཞར་དུ་གནའ་དེང་ཟུང་འབྲེལ་གྱི་སྙན་ངག་པ་ཚད་ལྡན་ཞིག་བྱེད་ཐུབ་ན་སྙམ་པའི་ཀུན་སློང་ཆུ་བོ་བཞིན་དུ་བཞུར་རྒྱུན་རིང་ཞིང་མེ་དཔུང་ལྟར་དུ་འབར་ཚབས་ཆེའོ།།
རེད།  ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པའི་སྙན་ངག་སྟེ། ཕོ་ཉ་གཞོན་ནུ་དོན་འགྲུབ་དང་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད། གཙུག་གཡུ་དང་དྲེལ་པའི་མི་ཚེ། ཆར་ཟམ་ཟིམ་དང་སྨུག་ལང་ལོང་ལྟ་བའི་སྲོལ་རྒྱུན་གྱི་རྩམ་དྲི་མ་ཡལ་བའི་སྙན་ངག་དང་བརྩམས་སྒྲུང་རེ་རེས། རྩོམ་རིག་ལ་དད་མོས་བླ་ལྷག་ཏུ་སྐྱེས་ཤིང་། མི་རིགས་རང་བཞིན་གྱི་སྒྱུ་རྩལ་གྱི་ཉམས་འགྱུར་ལ་དོ་སྣང་དང་ཞིབ་འཇུག་བྱེད་རྒྱུའི་འདུན་པ་རྦ་རླབས་ལྟར་འཕྱུར། ད་དུང་། རྩོམ་ཡིག་འབྲི་བ་ནི་གླུ་དབྱངས་ལེན་པ་དག་དང་གཏན་ནས་མི་འདྲ་བར་སྤྱི་སྒེར་གྱི་འགན་འཁྲི་གླེང་ས་གཙོ་བོ་དེ་ཡིན་པ་རྨང་ནས་ཤེས།
མཇུག་ཏུ་རྩོམ་ཡིག་འབྲི་བ་ནི་གཞན་ལ་ཕན་འདོགས་པ་དང་རང་གི་སྤྲོ་སྣང་འཕེལ་བ་ཙམ་གྱི་ཆེད་མ་ཡིན་པར། སྤྱི་ཚོགས་ཤིག་གི་སྣང་བརྙན་ཡོངས་རྫོགས་བརྗོད་སྙིང་ལ་བཟུང་སྟེ།  དེ་ཉིད་ཀྱི་དགེ་སྐྱོན་ཐེར་འདོན་ཡང་དག་ཅིག་བྱེད་པ་ནི་རྩོམ་འབྲི་བ་ཞིག་གི་ཡོངས་ཁྱབ་ཀྱི་འགན་དབང་རེད་སྙམ། ལྷག་པར་ཏུ།  རྩོམ་འབྲི་བ་རྣལ་མ་ཞིག་བྱེད་དགོས་ཚེ་ངེས་ཅན་དུ་དེར་གསར་གཏོད་ཀྱི་རྣམ་པ་དང་བདེན་དྲང་གི་འདུ་ཤེས། ཡོངས་ཁྱབ་ཀྱི་བསམ་བློ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་། བརྡ་སྤྲོད་ཀྱི་བྱང་ཚད་དང་ཁོར་ཡུག་གི་གནས་བབས་སོགས་ཀྱི་མ་ལག་ཚང་དགོས་ཤིང་།  རང་ཉིད་ཀྱང་དེ་འདྲའི་མཐུན་རྐྱེན་འཛོམས་པའི་རྩོམ་འབྲི་བ་ཞིག་ཏུ་ཨེ་འགྱུར་གྱི་རེ་བ་ཡོད་དགོས་པའོ།། 
  • ལེ་ཚན་སྔོན་མ།:གསར་རྩོམ་ལ་ཞུགས་པའི་མྱོར་ཚོར་མདོར་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:གངས་ཅན་མེས་པོའི་ཡིག་གཟུགས་འབྲི་བའི་ཐབས་ལམ་དང་རང་ཉིད་ཀྱི་བཤད་འདོད་པའི་སྐད་ཆ་འགའ།
  • དོ་སྣང་ཆེ་བའི་རྩོམ།