འབྲུག་མོ། 2012-09-10
མིག་སྔར་འཛམ་གླིང་སྟེང་གི་རྒྱལ་ཁབ་ཁ་ཤས་ཀྱི་ཁྲག་ཤེད་མཐོ་བར་ཚོད་འཛིན་བྱེད་པའི་ཕྱོགས་ཀྱི་ཞིབ་འཇུག་གྲུབ་འབྲས་ལྟར། ཝེ་ནོས་རོས་ལའི་ཆེད་མཁས་སྨན་པ་ཏི་ལིས་ས.ལད་ཨང་གིས་ཁྲག་ཤེད་མཐོ་བའི་ནད་པར་ཁྲག་ཤེད་ལ་ཚོད་འཛིན་བྱེད་པའི་ཐབས་ལམ་གལ་ཆེན་འགའ་བཏོན་ཡོད་དེ།
དང་པོ། ཞོགས་ཟས་སུ་ཀྭ་མངར་མོ་དང་ཞོ་འཐུང་ན་བཟང་བ།
ཀྭ་མངར་མོ་དང་ཞོ་ཡི་ནང་དུ་གཏེར་རྫས་ཅཱ་ཡི་འདུས་ཚད་ཅུང་མཐོ་བས་ཁྲག་ཤེད་ཚོད་འཛིན་བྱེད་པར་ཕན། མི་ཉིས་སྟོང་དྲུག་བརྒྱ་ཙམ་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན། ཉིན་དྲུག་གི་ནང་དུ་ཅཱ་ཁེ་གཅིག་འདུས་པའི་ཟས་རིགས་སྟེ། དཔེར་ན། ཡུང་མ་གཅིག་དང་ངང་ལག་ཆེན་པོ་གཅིག་ཟ་བ་དང་འོ་མ་ཁེ 226 བཅས་འཐུང་ན། གཟའ་འཁོར་ལྔ་འགོར་རྗེས་ཁྲག་ཤེད་ཧོ་མུས་གུང་ཀྲུའུ་བཞི་ཙམ་ཇེ་དམར་འགྲོ་སྲིད།
གཉིས་པ། ཚ་ལུ་མའི་ཁུ་བ་མང་ཙམ་འཐུང་དགོས་པ།
ཚ་ལུ་མའི་ཁུ་བའི་ནང་དུ་འཚོ་བཅུད་བེ་ཧྲིན་སུའུ c ཕུན་སུམ་ཚོགས་པ་ཡོད། དབྱིན་ཇི་རྒྱལ་ཁབ་ཀྱི་གསོ་རིག་ལས་གཉེར་པས་མི་དར་མ 641 ཙམ་གྱི་ཁྲག་རྒྱུན་ལ་རྫས་འགྱུར་བརྟག་དཔྱད་བྱས་རྗེས། ཁྲག་རྒྱུན་ནང་དུ་འཚོ་བཅུད་བེ་ཧྲིན་སུའུ c འདུས་ཚད་ཇི་ལྟར་མཐོ་ན་དེ་ལྟར་དེའི་འཕར་རྩའི་ཁྲག་ཤེད་དམའ་བ་རྟོགས། ཞིབ་འཇུག་མི་སྣ་དེ་དག་གིས་འཚོ་བཅུད་བེ་ཧྲིན་སུའུ c ཡིས་ཁྲག་རྩ་རྒྱས་པར་ཕན་པས། ཉིན་རེར་བེ་ཧྲིན་སུའུ c ཧོ་ཁེ 60 ཙམ་འཐུང་བའམ་ཡང་ན་སྔོ་ཚོད་དང་ཕོ་བ་རིས། ཤིང་ཏོག་ཉིང་མེང་བཅས་དང་དེ་ལས་གཞན་པའི་སྐྱུར་ལྡན་སིལ་ཏོག་གི་རིགས་བཅས་ཟོས་ན་བཟང་ཟེར།
གསུམ་པ། ཞོགས་པར་ཐང་ཆད་དྲགས་མི་རུང་བ།
སྤྱིར་བཤད་ན། སྙིང་ནད་ནི་ཞོགས་པར་འབྱུང་བ་ཡིན། དེའི་རྒྱུ་མཚན་ནི་སྔ་དྲོའི་དུས་ཚོད་བཅུ་གཅིག་གི་སྔོན་དུ། ང་ཚོ་མིའི་རིགས་ཀྱི་ཁྲག་ཤེད་དེ་གཞན་པའི་དུས་ཚོད་ལས་ཧོ་མུས་གུང་ཀྲུའུ་ལྔ་ཡིས་མཐོ་བས་ཉེན་ཁ་འབྱུང་སླ་བ་རེད། དེ་བས་ཞོགས་སྦྱོང་བྱེད་པའི་མི་རྣམས་ཀྱིས་ཀྱང་འགུལ་སྐྱོད་དྲག་པོ་བྱེད་མི་རུང་།
བཞི་བ། ཁ་ཧྥེ་མང་པོ་འཐུང་མི་རུང་བ།
ལ་ཁི་སློབ་ཆེན་གྱི་ཞིབ་འཇུག་ཤིག་ལས། ཉིན་གཅིག་གི་རིང་ལ། གལ་ཏེ་ཁ་ཧྥེ་ཇ་ཕོར་གཉིས་ཙམ་འཐུང་ན། མིིའི་ཁྲག་ཤེད་ཧོ་མུས་གུང་ཀྲུའུ་གཉིས་ནས་གསུམ་ཙམ་ཇེ་མཐོར་འགྲོ་སྲིད་པ་དང་། ཁ་ཧྥེ་བུལ་གྱིས་ཁྲག་རྩ་སྐུམ་དུ་བཅུག་ནས་ཁྲག་ཤེད་ཇེ་མཐོར་གཏོང་སྲིད་ཟེར།
ལྔ་བ། རྒྱུན་དུ་སྒོག་པ་ཟ་དགོས་པ།
ཉིན་རེར་སྒོག་རིལ་གཉིས་ནས་གསུམ་ཙམ་ཟོས་ན་ཁྲག་ཤེད་ཇེ་དམར་གཏོང་ཐུབ།
དྲུག ཁ་རྩོད་མི་བྱེད་པ།
ཁྱིམ་མི་དང་ལས་གྲོགས་ཀྱི་བར་དུ་བསམ་འཆར་མི་མཐུན་པའམ་ཡང་ན་འགལ་བ་བྱུང་སྐབས། ཕན་ཚུན་གྱི་བསམ་འཆར་ལ་ཉན་ནས་སེམས་བཟང་ཚིག་འཇམ་གྱི་སྒོ་ནས་འགལ་བ་སེལ་ཐབས་བྱེད་དགོས། དེ་ལས་ལྡོག་སྟེ་ཁ་རྩོད་ཚིག་རྩོད་བྱས་ཚེ་སེམས་ཁམས་འཁྲུག་ནས་ཁྲག་ཤེད་ཇེ་མཐོར་འགྲོ་སྲིད།
བདུན། ཐང་ཆད་དྲགས་མི་རུང་བ།
སྐྱེས་པ 195 ཙམ་ལ་ལོ་ངོ་གསུམ་གྱི་རིང་བརྟག་དཔྱད་བྱས་མཐར། ངལ་རྩོལ་བྱེད་ཚད་ཇེ་ཡང་དུ་བཏང་བ་དེས་ཁྲག་ཤེད་མཐོ་བའི་ནད་པའི་ཁྲག་ཤེད་ཧོ་མུས་གུང་ཀྲུའུ་བཅུ་ཙམ་ཇེ་དམར་གཏོང་ཐུབ་ཅིང་། རྒྱུན་ལྡན་གྱི་མིའི་ཁྲག་ཤེད་ཧོ་མུས་གུང་ཀྲུའུ་ལྔ་ཙམ་ཇེ་དམར་གཏོང་ཐུབ།
བརྒྱད། ཉ་ཤ་མང་ཙམ་ཟོས་ན་བཟང་བ།
ལུས་ཚོ་བའི་མིས་ཉིན་རེར་ཉ་ཤ་ཁེ 113 ཙམ་ཟོས་ན། ཟླ་བཞིའི་རིང་ཁྲག་ཤེད་ཧོ་མུས་གུང་ཀྲུའུ་དྲུག་ཙམ་ཇེ་དམར་འགྲོ་ཐུབ། དེའི་རྒྱུ་མཚན་ནི་ཉ་ཤའི་ནང་དུ་འདུས་པའི་སྤྲི་དཀར་གྱི་རིགས་དང་ཚིལ་སྐྱུར་གྱིས་འཕར་རྩའི་རྒྱུ་ཤུགས་སྲུང་འཛིན་བྱེད་ཐུབ། དེ་ལས་གཞན་རྒྱུན་པར་ཉ་ཤ་ཟོས་ན་ཚོ་བྱང་དུ་འཇུག་ཐུབ་པར་མ་ཟད། ལུས་སྐྲངས་པའང་འགོག་ཐུབ།
དགུ། དགོང་ཟས་སུ་གོ་རེ་མེན་པའོ་གཙོར་བཟུང་ན་མི་བཟང་བ།
གོ་རེ་མེན་པའོ་ནང་གི་གྲོ་ཕྱེ་ཡིས་ལུས་སྟེང་གི་གཤེར་མའི་ཕུང་རྩི་ཇེ་མཐོར་བཏང་ནས་རིམ་གྱིས་ཁྲག་ཤེད་ཇེ་མཐོར་འགྲོ་སྲིད། ཞིབ་འཇུག་རྣམ་གྲངས་ཤིག་ལས་ཁྲག་རྒྱུན་ནང་དུ་གཤེར་མའི་ཕུང་རྩི་མཐོ་བའི་མིར་ཁྲག་ཤེད་མཐོ་བའི་ནད་འབྱུང་ཚད་དེ་སྤྱིར་བཏང་གི་མི་ལས་ལྡབ་གསུམ་གྱིས་མཐོ་ཟེར།
བཅུ། གུང་ཟས་ཟོས་རྗེས་ཕྱི་རོལ་དུ་འཆམ་འཆམ་དུ་སོང་ན་བཟང་བ།
འཇར་མན་གྱི་ཞིབ་འཇུག་རྣམ་གྲངས་ཤིག་ལས། ཕྱི་རོལ་དུ་འཆམ་འཆམ་དུ་སོང་ནས་དུས་ཡུན་སྐར་ཆ་བཅུ་ཙམ་ལ་ཉི་མར་ལྡེ་ན། ཁྲག་ཤེད་ཧོ་མུས་གུང་ཀྲུའུ་དྲུག་ཙམ་ཇེ་དམར་འགྲོ་ཐུབ་ཟེར། སྨུག་ཕྱིའི་འོད་ཀྱིས་ལུས་ཐོག་ཏུ་འཚོ་བཅུད་བེ་ཧྲིན་སུའུ D3མཁོ་འདོན་བྱེད་པ་དང་། བེ་ཧྲིན་སུའུD3 དང་ཀའེ་གཉིས་ཀྱིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ་ལས་འཕར་རྩའི་ཁྲག་ཤེད་ལ་ཚོད་འཛིན་བྱེད་ཐུབ།
བཅུ་གཅིག ལྷིང་འཇགས་ཡིན་པའི་ཁོར་ཡུག་ཏུ་བྱ་བ་སྒྲུབ་པ།
འུར་ཟིང་ཆེ་བའི་ཁོར་ཡུག་ཏུ་བྱ་བ་སྒྲུབ་ན། ཁྲག་ཤེད་ཆ་སྙོམས་སྒོས་ཧོ་མུས་གུང་ཀྲུའུ་བཞི་ཙམ་ཇེ་མཐོར་འགྲོ་སྲིད་པས། ལྷིང་འཇགས་ཡིན་པའི་ཁོར་ཡུག་ཏུ་བྱ་བ་སྒྲུབ་དགོས།
བཅུ་གཉིས། ཉིན་གུང་གི་རྗེས་སུ་རབ་ཡིན་ན་ཡུལ་སིལ་གྱི་ཁམ་འབྲས་དང་ཞོག་ཁོག་གིས་ལས་པའི་ཀ་ར་གོ་རེ་ཟོས་ན་བཟང་།
ཁམ་འབྲས་དང་ཞོག་ཁོག་གི་ནང་དུ་ཁྲག་ཤེད་ཇེ་དམར་གཏོང་བའི་རྫས་ཤིག་ཡོད་པ་དང་། དེ་ལས་གཞན་ཉ་དང་གྲོ་མྱུག ཚོད་ནག་སོགས་ཀྱི་ནང་དུའང་ཁྲག་ཤེད་ཇེ་དམར་གཏོང་བའི་རྫས་དེ་ཡོད་པ་རེད།
རྩོམ་གསར། 10