ཚོད་འཛིན་བྱེད་ཆེད་སྤེལ་བའི་བྱ་ཐབས་ལ་རིམས་འགོག་བྱ་ཐབས་ཟེར། དང་པོ། སྔོན་འགོག་རང་བཞིན་གྱི་བྱ་ཐབས། སྔོན་འགོག་རང་བཞིན་གྱི་བྱ་ཐབས་ནི་གཙོ་བོ་ནད་འབུ་ཡོད་པའམ་དོགས་པ་ཡོད་སའི་ཁོར་ཡུག་དང་། ནད་འབུས་ཉེན་ཁ་བཟོ་བའི་འགོས་སླ་བའི་མི་ཚོགས་ལ་དམིགས་ནས་སྤེལ་བའི་སྔོན་འགོག་གི་བྱ་ཐབས་ཤིག་ཡིན། དེའང་ཁོར་ཡུག་གི་འཕྲོད་བསྟེན་ཆ་རྐྱེན་ལེགས་བཅོས་གཏོང་དགོས། ཁོར་ཡུག་གི་འཕྲོད་བསྟེན་ཆ་རྐྱེན་ལེགས་བཅོས་གཏོང་ཐབས་ནི། འཐུང་ཆུར་འཕྲོད་བསྟེན་དུག་སེལ་དང་། སྐྱག་གཅིན་གྱི་བཙོག་སྐྱོན་མི་འབྱུང་བ་བྱེད་པ། བཟའ་རིགས་འཕྲོད་བསྟེན་ལ་དོ་དམ། སྨན་ཁང་དང་སྤྱི་པའི་འདུ་འཛོམས་ཁུལ་གྱི་འཕྲོད་བསྟེན་ལ་དོ་དམ། ཁོར་ཡུག་གི་གནོད་འབུ་དང་ཙི་ཙི་གསོད་པ་སོགས་ཀྱི་བྱ་ཐབས་ཚུད་ཡོད། ༼གཅིག༽ དུག་སེལ།
དུག་སེལ་ནི་ཕྱི་ལོགས་ཁོར་ཡུག་ནང་གི་ནད་འབུ་གསོད་པ་དང་ནད་འབུའི་འབྱུང་གཞི་རྩ་མེད་བཟོས་ཏེ་ནད་འགོ་བའི་བརྒྱུད་རིམ་བཀག་འགོག་བྱེད་ཀྱི་ཡོད་པ་རེད། དེ་ནི་འགོད་ནད་ཡོང་བ་དང་དར་ཁྱབ་འགྲོ་རྒྱུ་སྔོན་འགོག་བྱེད་པའི་བྱ་ཐབས་གཙོ་བོ་ཞིག་ཡིན། དུག་སེལ་བྱ་ཐབས་གཙོ་བོ་རིགས་གཉིས་སུ་དབྱེ་ཆོག་སྟེ། དངོས་ཁམས་དུག་སེལ་བྱ་ཐབས་དང་རྫས་འགྱུར་དུག་སེལ་བྱ་ཐབས་གཉིས་ཡིན། རྩ་དོན་ཐོག་སྔོན་ལ་དངོས་ཁམས་དུག་སེལ་བྱ་ཐབས་འདེམས་དགོས། རྒྱུ་མཚན་ནི་དུག་སེལ་གྱི་ཕན་ནུས་ཁུངས་ བཙན་པ་དང་བྱ་ཐབས་སྟབས་བདེ་ཡོད་པས་ཡིན། དངོས་ཁམས་དུག་སེལ་བེད་སྤྱོད་བྱ་རྒྱུ་མེད་ན་གཞི་ནས་རྗས་འགྱུར་དུག་སེལ་བྱ་ཐབས་སྤྱོད་ཆོག ༡. དངོས་ཁམས་དུག་སེལ་བྱ་ཐབས། (༡) བཙོས་ནས་དུག་སེལ་ཐབས། བྱ་ཐབས་འདི་ནི་སྟབས་བདེ་བ་དང་ཕན་ནུས་ལེགས་པོ་ཡོད། སྤྱིར་བཏང་བྱས་ན་སྐར་མ༡༥ནས༣༠བར་བཙོ་དགོས། ལྕགས་རིགས་དང་ཤེལ་གྱི་ཡོ་བྱད། སྲིང་བལ་གྱི་རྒྱུ། བཟའ་བཅའི་ཡོ་བྱད། ཟས་རིགས་སོགས་ལ་བཙོས་ནས་དུག་སེལ་བྱ་ཐབས་སྤྱོད་ཆོག འོན་ཏེ་ཀོ་ཆས་དང་། འདྲེས་སྦྱོར་ཚི་སྣའི་རྒྱུ་ཆ། (དཔེར་ན། རྫས་ལུད་བླུགས་སྣོད) འགྱིག་ཆས་རིགས་སོགས་ལ་བཙོས་ནས་དུག་སེལ་བྱ་ཐབས་སྤྱོད་རྒྱུ་མེད། (༢) གནོན་ཤུགས་ཆེན་པོའི་རླངས་པས་དུག་སེལ་བྱ་ཐབས། བྱ་ཐབས་འདི་ནི་སྨན་ཁང་ནང་རྒྱུན་དུ་སྤྱོད་པའི་དུག་སེལ་བྱ་ཐབས་ཤིག་ཡིན། དེ་ནི་ཕན་ནུས་ཁུངས་བཙན་ དང་འགྲོ་སོང་ཆུང་བ། དུས་ཚོད་མྱུར་བའི་དུག་སེལ་བྱ་ཐབས་ཤིག་ཡིན། དྲོད་ཚད༡༢༡.༣℃ཐོག་དུག་སེལ་དུས་ཚོད་སྐར་མ༣༠དང་། དྲོད་ཚད༡༢༦℃ཐོག་སྐར་མ༢༠འཇོག་དགོས། གང་ལྟར་ཚ་བ་ཐེག་པའི་དངོས་རྫས་རྣམས་ལ་གནོན་ཤུགས་ཆེན་པོའི་རླངས་པའི་དུག་སེལ་སྤྱོད་ཆོག (༣) སྨུག་ཕྱིའི་འོད་ཀྱིས་དུག་སེལ་བྱ་ཐབས། སྨུག་ཕྱིའི་འོད་ཀྱིས་དུག་སེལ་བྱ་ཐབས་ནི་དུག་སེལ་ནུས་པ་ཅུང་ལེགས་པའི་དུག་སེལ་བྱ་ཐབས་ཤིག་ཡིན་ཞིང་། ཁང་པའི་ནང་གི་དུག་སེལ་བྱ་རྒྱུར་རྒྱ་ཁྱབ་ངང་སྤྱོད་ཆོག དཔེར་ན་གཤགས་བཅོས་ཁང་དང་། འགོས་ནད་ནད་ཁང་། ཚོད་ལྟ་ཁང་སོགས་ལྟ་བུ། ༢. རྫས་འགྱུར་གྱིས་དུག་སེལ་བྱ་ཐབས། བྱ་ཐབས་འདི་ནི་ཁོར་ཡུག་དང་། ཆུ། ཟས་རིགས། བཟའ་ཆས། ཕན་མེད་དངོས་པོ་སོགས་ལ་དུག་སེལ་བྱེད་སྐབས་སྤྱོད་ཆོག རྒྱུན་སྤྱོད་རྫས་འགྱུར་དུག་སེལ་སྨན་གྱི་རིགས་ལ་གཤམ་གསལ་ལྟར་ཏེ། (༡) དཀར་བཟོ་ཕྱེ་མ(ཕེའོ་པེ་ཧྥེན) དེ་ནི་འཐུང་ཆུ་དང་། བཙོག་ཆུ། དེ་བཞིན་ཁོར་ཡུག་བཙོག་སྐྱོན་ཡོང་སྐབས་དུག་སེལ་བྱ་རྒྱུར་སྤྱོད་ཆོག འོན་ཀྱང་གྱོན་ཆས་དང་འཁལ་ཐག་གི་རྒྱུ་ཆ། ལྕགས་རིགས། ཁྱིམ་ཆས་སོགས་དུག་སེལ་བྱ་རྒྱུར་འཚམ་པོ་མེད། སྤྱོད་ཐབས་ནི་སྦོང་བ་དང་། བཀྲུ་བ། བྱུག་པ། གྱང་ངོས་སུ་གཏོར་བ་སོགས་ཡིན། (༢) ཨ་རག་ཉིང་ཁུ(ཡི་ཁྲུན) མིང་གཞན་ཅིའུ་ཅིང་ཡང་ཟེར། ནད་ཐོག་སྨན་བཅོས་སྐབས་རྒྱུན་དུ་སྤྱོད་པའི་དུག་སེལ་སྨན་རྫས་ཤིག་ཡིན་པས་ཏན་ཏིང(ཏན་ཅིའུ་ཡང་ཟེར) དང་མཉམ་དུ་པགས་པའི་དུག་སེལ་ལ་སྤྱོད་ཆོག གར་ཚད་བརྒྱ་ཆ༧༠ནས༩༠བར་བྱ་དགོས། ཕྱི་བཅོས་ཚན་པའི་ཡོ་བྱད་ཀྱི་དུག་སེལ་ལ་སྤྱོད་རྒྱུ་མེད། (༣)ལེ་སུར། དེ་ནི་ཆུའི་ནང་ཞུ་ཐུབ་པ་དང་། ངོ་བོ་བརྟན་པ། བེད་སྤྱོད་སྟབས་བདེ་བ་བཅས་ཡོད། ཆུ་བླུགས་ཏེ་གར་ཚད་བརྒྱ་ཆ༡ནས༥བར་བཟོས་ཏེ་གཙོ་བོ་ས་ངོས་ཀྱི་དུག་སེལ་ལ་སྤྱོད་ཆོག (༤) ཤིན་རྗེའར་རྨད། ཆུའི་ནང་ཞུ་ཐུབ་པ་དང་ངོ་བོ་བརྟན་པོ་ཡོད་ཅིང་གཙོ་བོའི་ཅ་དངོས་གྱི་ངོས་དང་ས་ངོས་ལ་སྤྱོད་ཀྱི་ཡོད། །