འཕྲོད་བསྟེན་ཤེས་བྱའི་བདེ་ཐང་ཁ་ཟས་ཀྱི་སྐོར།

ཚུལ་ཁྲིམས་བློ་གྲོས།        2012-03-27

འཕྲོད་བསྟེན་ཤེས་བྱའི་བདེ་ཐང་ཁ་ཟས་ཀྱི་སྐོར།
 མིའི་ལུས་དང་ཤིན་ཏུ་འཕྲོད་པའི་བདེ་ཐང་གི་ཁ་ཟས་ནི་འབྲུའི་རིགས་དང༌། སྔོ་ཚོད་ཀྱི་རིགས་དང༌། ཤིང་འབྲས་ཀྱི་རིགས་དང༌། ཤིང་འབྲས་ཀྱི་ཁུ་བའི་བཏུང་བ་སོགས་ཡིན་ཏེ། གསོ་རིག་རབ་འབྱམས་པ་ལིན་ཡུན་ཏྲིང་ན་རེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁ་ཟས་འཕྲོད་པ་བསྟེན་པ་ལ་བཞི་ཉུང་གཅིག་མང་བྱ་དགོས་ཞེས་བཞེད། དེའང་བཞི་ཉུང་ཞེས་པ་ནི། སྣུམ་ཉུང་བ་དང༌། ཚྭ་ཉུང་བ་དང༌། མངར་ཆ་ཉུང་བ་དང༌། སྤྲི་དཀར་ཉུང་བ་ཡིན། དེས་ན་ཤ་བཟའ་མི་རུང་ཞིང་སྤྲི་དཀར་ཡང་རྩི་ཏོག་ལས་བྱུང་བའི་སྤྲི་དཀར་གྱིས་འདང་བས་གཞན་ཞིག་མི་དགོས། གཅིག་མང་ཞེས་པ་ནི། རྒྱུས་རིགས་མང་བའི་ཟས་རིགས་ཡིན། དེ་གང་ཞེ་ན། འབྲུ་སྣ་ལྔ་དང༌། སྔོ་ཚོད་དང༌། ཤིང་འབྲས་དག་ཡིན་ཏེ། མིའི་ལུས་ལ་མཁོ་བའི་ཟས་བཅུད་མ་ལུས་པ་འདི་རྣམས་ཀྱི་ནང་དུ་ཚང་བར་ཡོད་པས་ཤ་མ་ཟོས་ན་ལུས་ཟུངས་མི་འདང་སྙམ་པ་ནི་དོན་མེད་ཀྱི་སེམས་ཁྲལ་དང་ནོར་བ་ཁོ་ན་ཡིན་ཏེ། དུད་འགྲོ་རྩྭ་ཟན་དག་ལ་ལྟོས་དང༌། ཚིལ་དང་སྣུམ་ཅི་འདྲའི་མང་པོ་འདུག སྣུམ་དེ་དག་གི་འབྱུང་ཁུངས་རྩྭ་དང་ལོ་མ་ཁོ་ན་ཡིན་གྱི། ཤ་མིན་ཏེ་དེ་རྣམས་ཀྱིས་ནམ་ཡང་ཤ་ཟོས་པ་མེད་པའི་ཕྱིར་དང༌། མིའང་འབྲུ་རིགས་དང་ཚོད་མ་དང་ཤིང་འབྲས་སོགས་ཤ་མེད་ཀྱི་ཟས་བཟའ་བའི་རིགས་ཀྱི་སེམས་ཅན་ཡིན་པའི་ཕྱིར་རོ།། ཤ་མ་ཟོས་པས་ལུས་ལ་གནོད་པ་མེད་པར་མ་ཟད་ཤ་མང་དུ་ཟོས་ན་ཤའི་ནང་གི་སྤྲི་དཀར་གྱིས་ལུས་ལ་གནོད་པ་མཐའ་ཡས་པ་འབྱུང་བ་ཡིན་པར་ཤེས་དགོས་སོ།། ཞེས་དང༌། གསོ་རིག་རབ་འབྱམས་པ་ལིན་ཀོང་ཁྲང་ན་རེ། དེས་ན་ཁ་ཟས་ལ་ཚོད་མའི་རིགས་དང་ཤིང་ཏོག་གི་རིགས་དང་འབྲུའི་རིགས་བསྟེན་པར་བྱ་དགོས། 

             དེའང་ཡུལ་དེ་ཉིད་དུ་སྐྱེས་པ་དང༌། དུས་དེ་ཉིད་དུ་སྐྱེས་པ་དང༌། འབོར་ཆེན་སྐྱེས་པ་གསུམ་པོ་བསྟེན་པར་བྱ་དགོས། དང་པོ། ས་དེ་ཉིད་ཅེས་པ་ནི་བཟའ་མཁན་གྱི་མི་དེ་གང་དུ་གནས་པའི་ས་ཆ་དེ་ཉིད་ནས་སྐྱེས་པའི་འབྲུ་རིགས་སོགས་ཡིན་ན་ལུས་ཁམས་དང་འཕྲོད་པས་ཤིན་ཏུ་བཟང་བ་ཡིན་གྱི། ཡུལ་གཞན་ནས་སྐྱེས་པ་གཞན་དུ་ཁྱེར་ནས་ཟོས་ན་དེ་ཙམ་མི་བཟང༌། གཉིས་པ་ནི། བཟའ་བའི་དུས་ཚོད་དེའི་སྐབས་སུ་སྐྱེས་པ་ཡིན་ན་བཟང་གི་དེ་བས་བརྒལ་ན་དེ་ཙམ་མི་བཟང༌། ཤིང་ཏོག་སོགས་བཟའ་བའི་ཚེ་པགས་པ་དང་བཅས་པ་བཟའ་དགོས། ཟས་བཅུད་ཕལ་མོ་ཆེ་པགས་པའི་ནང་དུ་ཡོད་པ་དང༌། ཤིང་ཏོག་དང་ཚོད་མའི་རིགས་ཀྱི་པགས་པ་རྣམས་ཕལ་ཆེར་ཚྭ་ཅན་གྱི་ཟས་རིགས་ཡིན་ལ། ནང་རྣམས་སྐྱུར་ཅན་གྱི་རྫས་ཡིན་པས་པགས་པ་བཤུས་ནས་ཟོས་ན་ཟས་བཅུད་མང་པོ་ཆུད་ཟོས་སུ་འགྱུར་བ་ཡིན། དཔེར་ན་ཀུ་ཤུ་(苹果)དང༌། ལབ་དཀར་(白萝卜)དང༌། ལབ་དམར་(红萝卜)དང༌། ཞོག་མངར་(红薯)དང༌། ཆུ་ཀུབ་(西瓜)དང༌། ངང་ལག་(香蕉)སོགས་ཀྱི་བཅུད་ཕལ་ཆེར་པགས་པའི་ནང་དུ་ཡོད། ལྕ་ཚོད་(芹菜)ཀྱི་བཅུད་ལོ་མ་དང༌། ཚོད་སྣག་(菠菜)གི་བཅུད་ཡུ་བ་ན་གནས་པ་ཡིན། འོན་ཀྱང་མི་རྣམས་ཀྱིས་འདི་དག་ནམ་རྒྱུན་དོར་ནས་མི་བཟའ་མོད། འདི་དག་མ་ཟོས་ཚེ་ཚོད་མ་དང་ཤིང་འབྲས་ཇི་ལྟར་ཟོས་ཀྱང་ཕན་འབྲས་ཆེན་པོ་མེད་པ་ཡིན། ཟས་བཟའ་བའི་གོ་རིམ་ཡང་གལ་ཆེ་སྟེ། མི་ཕལ་ཆེར་གྱིས་ཟས་ཟོས་པའི་རྗེས་སུ་ཤིང་ཏོག་བཟའ་བར་བྱེད་མོད། ཤིང་ཏོག་དེ་རྒྱུ་ནག་གི་ནང་ནས་བཞུ་བར་བྱ་དགོས་ཤིང༌། གལ་ཏེ་དང་པོ་ཟས་གཞན་ཟོས་ན་ཟས་དེ་དག་གིས་ཤིང་ཏོག་རྣམས་ཕོ་ཁའི་ནང་དུ་བཀག་ནས་ཡུན་རིང་སྡོད། རྒྱུ་ནག་གི་ནང་དུ་བབ་ཚེ་བཅུད་ཉམས་པར་གྱུར་ཟིན་པས་རྒྱུ་མ་སོགས་ཀྱི་ནད་སྐྱེད་བྱེད་དུ་འགྱུར་རོ།། དེའི་ཕྱིར་ཟས་བཟའ་བའི་ཐོག་མར་རམ་ཡང་ན་སྔ་ཕྱིའི་ཟས་ཀྱི་བར་བར་དུ་ཟོས་ན་བཟང༌། བཏུང་བ་ནི། ཤིང་འབྲས་ཆ་གཅིག་དང༌། ཚོད་རིགས་ཆ་གཉིས་བཅས་ཁུ་བར་བྱས་ནས་བཏུང་ན་ཤིན་ཏུ་བཟང་སྟེ། དཔེར་ན་ཀུ་ཤུ་སུམ་ཆ་གཅིག་དང་ལྕ་ཚོད་སུམ་ཆ་གཅིག ལབ་དམར་སུམ་གཅིག་བཅས་ཁུ་བར་བྱས་ནས་དུས་ཚོད་སྐར་མ་བཅོ་ལྔའི་ནང་དུ་སྙིགས་དང་བཅས་པ་བཏུང་ན་ནད་མང་པོ་ལ་ཕན་པ་ཡོད། ཅེས་ཟེར་རོ།། དེས་ན་བཤད་རྒྱུད་ལེའུ་བཅུ་དྲུག་པ་ལས། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང༌།། དམན་ལྷག་ལོག་གྱུར་ནད་སྐྱེད་འཕྲལ་སྲོག་འཇོམས།། དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས།། ཞེས་གསུངས་པ་བཞིན་དུ་ལུས་བདེ་ཐང་ཅན་ཞིག་འོང་བར་འདོད་ན་བཟའ་བ་དང་བཏུང་བ་ལ་ལེགས་པར་བརྟགས་ནས་བླང་དོར་བྱེད་པ་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། བཟའ་བཏུང་ཚུལ་བཞིན་དུ་མ་སྤྱད་ན་ལུས་ལ་ནད་སྐྱེད་ལ། ཁྱད་པར་དུ་དེང་སང་མི་རྣམས་ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པ་འདིས་ཚེ་ཕྱི་མ་ལྟ་ཅི་སྨོས། ཚེ་འདིར་ཡང་ཐ་ན་ཁ་ཟས་ཡིད་རྟོན་ཕེར་བ་ཞིག་བཟའ་རྒྱུའང་རྙེད་ཤིན་ཏུ་དཀའ་བའི་གནས་སུ་གྱུར་འདུག་སྟེ། གོང་དུ་གསོ་རིག་རབ་འབྱམས་པ་རྣམས་ཀྱིས་བཤད་པ་བཞིན་དུ་བཟའ་བཏུང་ཐམས་ཅད་རྫས་འགྱུར་གྱི་འབག་བཙོག་གིས་ཡོངས་སུ་བསླད་ནས་དུག་ཏུ་བསྒྱུར་ཟིན་པ་ཡིན།
             དེར་མ་ཟད་དུག་ལ་སྨན་ཡོད་མོད། ཤ་སོགས་ཁ་ཟས་འདི་དག་གི་ནང་དུ་སྲིན་འགོག་རྫས་སྨན་མང་པོ་བླུགས་ཡོད་པ་མིའི་ཁོང་དུ་སོང་ནས་དེ་དག་གིས་སྨན་དྲེད་དུ་གྱུར་ནས་སྨན་གྱི་ནུས་པའང་འགོག་པས་ནད་ལ་སྨན་ཇི་ལྟར་བཏང་ཡང་སྨན་གྱི་ནུས་པ་ཐོན་མི་ཐུབ་པས་བཅོས་རྒྱུ་མེད་པའི་ནད་དུ་འགྱུར། སྔོ་ཚོད་དང་ཤིང་འབྲས་སོགས་རྫས་འགྱུར་གྱིས་བསྐྱེད་པས་ཕྱི་ནས་བལྟས་ན་མདོག་ལེགས་ཤིང་བོངས་ཆེ་ལ་ཤིན་ཏུ་མཛེས་པ་ཡིན་ཡང་དོན་ལ་ཟས་བཅུད་མེད་ཅིང་དུག་དང་བཅས་པ་ཡིན། ཚོང་ཁྲོམ་ཕལ་བ་ནས་ཐོན་པའི་ཚོང་རྫས་འབོར་ཆེན་ཞིག་ཧ་ཅང་ཐལ་ཆེས་པའི་སྒོ་ནས་རྫུན་བཟོ་བྱེད་ཀྱིན་འདུག་སྟེ། དཔེར་ན་ཕག་གི་ཚིལ་ཞག་འབོར་ཆེན་ཞིག་ཕག་ཚིལ་དངོས་བཞུས་པ་མ་ཡིན་པར་བཤས་ཁང་གི་གད་སྙིགས་སུ་བོར་བའི་ཕག་གི་ལུས་ཀྱི་སྙིགས་རོ་རྣམས་བསྐོལ་ནས་བཟོས་པ་དང༌། ཁྲོམ་གྱི་ཟས་ཁང་ཆུང་ངུ་དག་གིས་ཁ་ཟས་ཀྱི་ལྷག་སྙིགས་མང་པོ་ཟོམ་དུ་བླུགས་པ་བསྐོལ་ནས་དེའི་ཁར་ཆགས་པའི་སྣུམ་གྱིས་ཚོད་མ་རྔོད་པར་བྱེད་པ་སོགས་ཤིན་ཏུ་ཡ་ང་བའི་བྱ་བ་དག་བྱེད་དེ། འདི་རྣམས་གསར་འགོད་པ་དག་གིས་ཐེངས་མང་པོར་རྫུན་རྐུབ་བརྟོལ་བས་མི་ཕལ་ཆེ་བས་ཤེས་པར་ཟད་ལ། ཆུ་གནས་ཀྱི་སྲོག་ཆགས་རྣམས་ཀྱང་དེང་སང་ཕལ་ཆེར་མིས་གསོས་པ་ཡིན་ཞིང༌། དེ་ཡང་མི་གཙང་བའི་རྫས་སྣ་ཚོགས་ཀྱིས་གསོ་བར་བྱེད། དེས་ན་ཆུ་གནས་འདི་དག་བཟའ་བ་ནི་དལ་བུར་རང་གིས་རང་ཉིད་གསོད་པའི་སྦྱོར་བ་བྱེད་པ་ཡིན་ཞེས་ཟེར་རོ།། དེའི་ཕྱིར་ན་ལྷ་ས་སོགས་གྲོང་ཁྱེར་འགའ་རེ་ན་གནས་པའི་བོད་ཀྱི་ལས་བྱེད་པ་དང་ཚོང་པ་འགའ་རེས་སྡིག་སྲིན་སོགས་ཆུ་གནས་དག་མི་ཟ་མཁན་རྣམས་ལ་མཐོང་རྒྱ་དང་ཤེས་རྒྱ་མེད་པའི་མིར་བརྩིས་ཏེ་མཐོང་ཆུང་བྱེད་ཅེས་ཐོས་པ་ནི་ཤིན་ཏུ་ཡིད་མུག་པའི་གནས་ཏེ། ཁོག་ན་གནའ་དེང་གི་རིག་གནས་སྣ་གཅིག་ཀྱང་མེད་བཞིན་དུ་འབུ་སྲིན་ཟ་ཐུབ་པ་ཙམ་གྱིས་ཤེས་རྒྱ་ཅན་དུ་འགྲོ་བར་འདོད་པ་ནི་རང་ཉིད་ཀྱིས་གླེན་རྟགས་མཐར་ཕྱིན་པར་བསྟན་པ་ཡིན་ཏེ། ཐ་ན་ཆུ་གནས་འདི་རྣམས་རྫས་འགྱུར་སྣ་ཚོགས་པས་དུག་གི་ཕུང་པོར་བྱས་ཟིན་པས་དེ་ཟ་བ་ནི་འགད་རྫས་ལྟོ་བར་གཏོང་བ་དང་འདྲ་བ་ཙམ་ཡང་མ་ཤེས་བཞིན་དུ་ད་དུང་གཞན་ཚུལ་མཐུན་གྱི་བཟའ་བཏུང་བསྟེན་པ་རྣམས་ལ་བརྙས་ཁུལ་བྱེད་པའི་ཕྱིར་རོ།། 
             བོད་རྣམས་ཀྱིས་རི་བོང་ཅལ་འདྲོགས་མི་བྱེད་པར་བསམ་བློ་ཞིབ་ཏུ་ཐོངས་དང༌། དེང་སང་མི་རིགས་གཞན་པ་མང་པོ་ཞིག་གི་འཕྲོད་བསྟེན་དང་གཙང་སྦྲ་ཐམས་ཅད་ཕྱི་རོལ་གྱི་རྣམ་པ་ཙམ་ལས་ཅི་ཡང་མི་འདུག རང་རེའི་ཕ་མེས་གོང་མའི་གནས་སྐབས་ཀྱི་གཙང་སྦྲ་དེ་དོན་གྱི་གཙང་སྦྲ་དངོས་དེ་རེད་འདུག ཕྱི་ཚུལ་གྱི་གཙང་སྦྲ་དེ་ཇེ་ལེགས་སུ་བཏང་ན་བོད་ཀྱི་གཙང་སྦྲ་དེ་ཕུན་སུམ་ཚོགས་པ་ཞིག་ཡིན་འདུག་པས་གོ་བ་མ་འཛོལ་བ་གལ་ཆེའོ།། དུས་ཡུན་རིང་མོ་ཞིག་ནས་བཟུང་མི་རྣམས་ཀྱིས་ཤོག་སྒོར་ཁོ་ན་མ་གཏོགས་གཞན་མི་ལུགས་ཀྱི་ཁྲེལ་གཞུང་དང་ལྷ་ལུགས་ཀྱི་རྒྱུ་འབྲས་སོགས་ཡ་རབས་ཀྱི་བསམ་སྤྱོད་ཐམས་ཅད་ལ་མཐོང་ཆུང་གིས་རྡོག་བརྫི་བྱས་བྱས་པའི་མཇུག་འབྲས་ལ་ད་ལྟ་ཟས་གཙང་མ་ཁམ་གཅིག་བཟའ་འདོད་ཀྱང་མི་རྙེད་པའི་དུས་འདི་ལྟ་བུ་ལ་ཐུག་པ་ཡིན། བཟའ་བྱ་དུད་འགྲོ་རྣམས་ཀྱི་གཅེས་པའི་ཚེ་སྲོག་ཤོག་སྒོར་གྱི་ཆེད་དུ་གཏོང་དགོས་པར་མ་ཟད། ཟ་བ་པོ་མི་ཕལ་མོ་ཆེའི་ཚེ་སྲོག་ཀྱང་མི་འགའ་རེའི་ཤོག་སྒོར་གྱི་ཁེ་ཕན་ཆེད་དུ་གཏོང་དགོས་པར་གྱུར་ཏོ།། དཔེར་ན་བྱ་གཅིག་གི་རང་བཞིན་གྱི་ཚེ་ཚད་ལོ་བདུན་ཡིན། འོན་ཀྱང་ད་ལྟ་བྱ་ཕྲུག་སྐྱེས་མ་ཐག་པ་ནས་བྱ་གསོ་ར་བར་བཅུག་སྟེ། རྫས་འགྱུར་གྱི་སྐུལ་རྒྱུ་འབའ་ཞིག་བཟར་བཅུག་སྟེ་ཉིན་བཞི་བཅུའམ་ཉི་ཤུ་ཙམ་གྱིས་བསད་དེ་བྱའི་ཚེ་ཐུང་ངུར་བྱས། དེ་མི་རྣམས་ཀྱིས་ཟོས་ནས་ངན་འབྲས་སུ་གྱུར་ནས་མི་རྣམས་ཀྱི་ཚེ་ཐུང་ངུར་བྱེད། དེ་ཐམས་ཅད་ཀྱང་སྨྱོན་པ་ལྟ་བུའི་མི་འགའ་རེའི་ཁེ་ཕན་ཆུང་ངུ་ཙམ་གྱི་ཕྱིར་ཡིན་པ་བཞིན་ནོ།། དེ་ལྟར་རྩི་ཤིང་ལོ་ཏོག་ཐམས་ཅད་ཀྱི་བཅུད་རྣམས་ལོ་རེ་ལས་ལོ་རེ་ཇེ་རྒུད་དུ་བཏང༌། མི་རྣམས་ལ་ནད་སྣ་ཚོགས་པ་ལྡང་བའི་རྒྱུ་བསྐྲུན། དེའི་དབང་གིས་ཆ་མཉམ་གྱི་ཚེ་ཚད་ཇེ་ཐུང་དུ་སོང༌། སྐྱེ་བོ་རྣམས་ལ་སྡུག་བསྔལ་སྐྱེད་པའི་ལྟ་བ་སྣ་ཚོགས་པ་ཁ་དར། ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་སོགས་རབ་ཏུ་བདོ། དེའི་དབང་གིས་འཛམ་བུ་གླིང་མི་བདེ་བར་བྱེད་པའི་འཁྲུག་པ་ཆེ་ཆུང་སྣ་ཚོགས་པ་རྒྱུན་མ་ཆད་པར་བྱེད་པ་འདི་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུས་ངན་སྙིགས་མ་ལྔ་ཞེས་གསུངས་པ་དེ་ཡང་འདི་ལས་གཞན་པ་ནི་ཅི་ཡང་ཡོད་པར་མ་མཐོང་ངོ༌།། དེང་སང་ཚན་རིག་ལག་རྩལ་ལ་བརྟེན་ན་ཕྱིའི་དངོས་རྫས་ཀྱི་འཚོ་བ་ཇེ་བཟང་དུ་འགྲོ་བ་ལྟ་བུར་སྣང་ཡང༌། མི་རྣམས་ཀྱི་ལུས་ཁམས་དང་སེམས་ཁམས་དང་ཀུན་སྤྱོད་ཐམས་ཅད་ཇེ་བས་ཇེ་རྒུད་དུ་འགྲོ་ཞིང༌། ཕྱི་རོལ་གྱི་དགྲ་དང་མཚོན་ཆ་སྣ་ཚོགས་པ་ལྟ་ཅི། ཐ་ན་ཁ་ཟས་ཡན་ཆད་ཀྱིས་ལུས་དང་སྲོག་ལ་ཡང་ཡང་རྒོལ་བར་བྱེད་པ་ཤིན་ཏུ་འཇིགས་པའི་གནས་ཏེ། འདི་རྣམས་ལ་ཞིབ་པར་བསམས་ན་མིའི་རིགས་ཡར་རྒྱས་སུ་འགྲོ་བ་ཡིན་ནམ་གཡང་སར་མཆོང་བ་གང་ཡིན་ཤིན་ཏུ་འཆད་དཀའ་བར་སྣང་ངོ༌།། 
             དེས་ན་དེང་སང་འཛམ་བུ་གླིང་གི་བཟའ་བཏུང་ཡོད་དོ་ཅོག་ལས་ཆེས་གཙང་གྲས་དེ་རང་རེ་བོད་ཀྱི་ཟ་མ་འདི་དག་རེད་འདུག་སྟེ། དེ་ཡང་ཤ་ཁྲག་གི་བཟའ་བཏུང་རྣམས་ལ་ནི་འབག་བཙོག་ཆེན་པོ་མེད་ལ། བཤད་རྒྱུད་ལེའུ་བཅུ་དྲུག་པ་ནས་གསུངས་པ་བཞིན་སྐབས་འགར་ལུས་ཀྱི་ནད་འགའ་རེ་ལ་ཕན་པའང་ཅུང་ཟད་རེ་ཡོད་ཀྱང་རང་གི་ངོ་བོ་ཉིད་ཀྱིས་མིའི་ལུས་ལ་གནོད་པ་ཅན་ཡིན་པས་སྤྱིར་སྐྱོན་ཤིན་ཏུ་མང་པོ་ཡོད་པས་ཕར་ཕུད། དེ་མིན་བོད་ཀྱི་ས་ཆ་ནས་སྐྱེས་པའི་ནས་དང༌། གྲོ་དང༌། སྲན་མ་དང༌། མ་རྨོས་ལོ་ཏོག་གམ་ཨ་ཤོམ་(玉米)དང༌། འབྲས་རྩིང་སོགས་འབྲུའི་རིགས་རྣམས་ནི་རོ་བཅུད་བཟང་ཞིང་འབག་བཙོག་མེད་པས་ཤིན་ཏུ་ལེགས། དེ་བཞིན་དུ་གྲོ་ཤུན་དང་བཅས་པ་བཏགས་པའི་བོད་རྗེན་ནི་རྗེན་དཀར་རམ་བཙགས་རྗེན་ལས་བཟང་ཞིང༌། ནས་རྗེན་པའམ་གསོན་པོར་བཏགས་པའི་ནས་རྗེན་དང་ནས་ཅུང་ཟད་བརྔོས་ནས་བཏགས་པའི་རྩམ་པ་ནི་འབྲས་དཀར་ལས་བཟང་བ་ཡིན་པས་རྒྱུན་དུ་ཟོས་ན་ཕན་པ་ཆེ། ལི་(梨)དང་ཀུ་ཤུ་ལ་སོགས་པའི་ཤིང་འབྲས་རྣམས་དང༌། ཚོད་དཀར་(白菜)ཆེ་ཆུང་དང༌། གླང་རྔ་(莴笋)དང༌། ཚོད་མ་མེ་ཏོག་དཀར་པོ་(白菜花)དང༌། ཚོད་སྣག་དང༌། ལྡུམ་སྒོང་(西红柿)དང༌། ཞོག་ཁོག་དང༌། ལ་ཕུག་དཀར་དམར་དང༌། ཀུ་བའི་(瓜)རིགས་ལ་སོགས་པའི་ཚོད་མ་བོད་ཡུལ་ལས་ཐོན་པ་རྣམས་ནི་རྫས་འགྱུར་གྱི་ལུད་དང་ཞིང་སྨན་གྱི་འབག་པ་ཆེར་མེད་པར་གཙང་མ་ཡིན་པས་འབྲུ་རིགས་དང་ཚོད་མ་འདི་རྣམས་བོད་ཡུལ་གྱི་ས་རང་གི་འབྲུ་ཞིང་དང་ཚོད་ཞིང་དུ་བཏབ་སྟེ། ཟོག་དང་ར་ལུག་དང་རྟ་སོགས་ཀྱི་ལུད་ཀྱིས་བསྐྱེད་ན་ཤིན་ཏུ་བཟང་བས་དེ་ལྟར་བྱེད་པ་གལ་ཆེ་སྟེ། གཞན་དུ་རྫས་འགྱུར་གྱི་ལུད་ཀྱིས་ས་ཞིང་ཡང་ཉམས་པར་བྱེད་པས་འདེབས་མི་རུང་ཞིང༌། ཞིང་སྨན་ཡང་འདེབས་མི་རུང་བར་གོང་དུ་བཤད་པ་ལྟ་བུ་ཡིན། ས་གཞན་ནས་འོང་བའི་ཟས་དང་ཚོད་མ་སོགས་ལས་རང་ཡུལ་གྱི་ས་ཞིང་ལས་སྐྱེས་པ་ཉིད་བཟང་བ་ཡིན་པར་གོང་བཤད་ལྟར་ལགས་པས་ཅིས་ཀྱང་ལག་ལེན་ལ་འདེབས་དགོས་སོ།།
             ལར་དེང་སང་གི་བྱ་བ་གང་ཡིན་ཡང་ཕར་བལྟ་སར་ཕྱི་ཚུལ་ལེགས་པ་དང་ཐོན་ཚད་མང་བ་ལྟ་བུ་ཡིན་ཡང༌། དོན་ལ་ཐམས་ཅད་ཀྱི་རྒྱབ་ན་གཞན་གྱིས་ཤེས་སུ་མི་རུང་བའི་གཏམ་རྒྱུད་སྐྱི་གཡའ་བ་རེ་དང༌། སྣོད་དང་བཅུད། འདི་དང་ཕྱི་མར་བཅས་པ་བརླག་པའི་རྗེས་འབྲས་ཡིད་མུག་པ་རེ་འདུག་པས་ཡིད་རྟོན་ཕེར་བ་ནི་ཤིན་ཏུ་དཀོན་པས་གཟབ་པར་བྱ་དགོས་སོ།། དེ་བས་ན་ལོ་ཏོག་སྨིན་ཚུལ་འདི་རང་བྱུང་ཁམས་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་དང་མཐུན་པར་བྱེད་དགོས་པ་ཡིན། དེ་ལྟར་བྱས་ཚེ་ཕྱི་ཚུལ་མཛེས་པ་དང་བོངས་ཆེན་པོ་མེད་དུ་ཆུག་ཀྱང་ཟས་བཅུད་བཟང་ཞིང་ལུས་ལ་གནོད་པ་མེད་པས་བདེ་ཐང་གི་ཁ་ཟས་སུ་འགྱུར་བ་ཡིན་ལ། ཁ་ཟས་འདི་རྣམས་ནི་འབག་བཙོག་མེད་པའི་ཁོར་ཡུག་ལས་འབྱུང་དགོས་པ་ཡིན་པས་ཁོར་ཡུག་གཏོར་བརླག་དང་བཙོག་པར་བྱས་ན་མིའང་བདེ་བར་གནས་ཐབས་མེད་དེ། ཆུ་མ་བདེ་ན་ཉ་མི་བདེ་བ་ལྟ་བུ་ཡིན་པས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱ་བ་ནི་མི་རབས་ནས་མི་རབས་བར་གྱི་དོན་ཤིན་ཏུ་ཆེན་པོ་ཡིན་པ་ཤེས་པར་བྱས་ཏེ་འབད་དགོས་སོ།། འོན་ཀྱང་འཛམ་གླིང་གི་གནས་ཀྱི་དྭངས་རྩེ་ཡུལ་གྱི་ཕུན་ཚོགས་ཉམས་པ་མེད་པ་གངས་ཅན་གྱི་ལྗོངས་སུ་འཚོ་ཞིང༌། འབག་བཙོག་དང་བྲལ་བའི་རང་བྱུང་ཁམས་ལས་འོང་བའི་མཁའ་དབུགས་གཙང་མ་འཐུང་སྟེ། གཡོ་སྒྱུ་དང་ངན་སྤྱོད་སྤངས་པའི་ངང་རྒྱུད་བཟང་པོས་བདེ་བར་འཚོ་བ་ནི་འདས་པའི་ལོ་རྒྱུས་ཡིན་ནོ།། འདིར་སྨྲས་པ་འདི་དག་ནི་དེང་རབས་ཀྱི་ཆེས་གསར་བའི་ཟས་བཅུད་རིག་པའི་མཁས་པ་དག་གི་གཏམ་ལ་གཞི་བྱས་ནས་བྲིས་པ་ཡིན་ཡང༌། རང་རེ་བོད་ཀྱི་ཡུལ་ནི་ས་མཐོ་ཞིང་གྲང་ངར་ཆེ་བ་ཡིན་པས་སྡིག་པ་མེད་ཅིང་དུག་དང་བྲལ་བའི་ཟས་བསྟེན་པ་ལ་དམིགས་བསལ་གྱི་བླང་དོར་ཅི་དགོས་ཆེད་ལས་ཀྱི་མཁས་པ་དག་གིས་ཞིབ་འཇུག་དང་མཛུབ་སྟོན་གནང་དགོས་ཀྱི་ཡོད་པ་རེད།

 


 

  • ལེ་ཚན་སྔོན་མ།:མཐོ་སྒང་གི་ལུས་ཟུངས་གསོ་ཐབས་རགས་ཙམ་བརྗོད་པ།
  • ལེ་ཚན་རྗེས་མ།:འཚོ་བའི་རྒྱུན་ཤེས་འགའ།
  • དོ་སྣང་ཆེ་བའི་རྩོམ།