ཁྲག་ཤེད་མཐོ་བའི་ནད་པས་རྒྱུན་པར་རང་ཉིད་ཇི་ལྟར་སྙོམས་སྒྲིག་བྱེད་དགོས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-11-09

ཁྲག་ཤེད་མཐོ་བའི་ནད་པས་རྒྱུན་པར་རང་ཉིད་ཇི་ལྟར་སྙོམས་སྒྲིག་བྱེད་དགོས་ཟེར་ན།   གཅིག་ནས་སེམས་ཁམས་སྐྱིད་པོ་ཡིན་དགོས་བ།  ཁྲག་ཤེད་མཐོ་བ་ནི་ལུས་སེམས་གཉིས་ཀའི་ནད་རིགས་ཤིག་ཡིན་པས།  དངངས་སྐྲག་དང་སྡུག་བསྔལ་སོགས་གང་རུང་ལས་བསམ་བློར་ཕོག་ཐུག་ཅུང་ཙམ་ཐེབས་ན་ཡང་ཁྲག་ཤེད་ཇེ་མཐོར་གཏོང་སྲིད།  གལ་ཏེ་བློ་ཁ་འཚབ་འཚུབ་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ཚེ།  ཁྲག་ཤེད་བརྟག་འཇགས་ཡོང་བར་སྲུང་འཛིན་དང་།  དེ་དང་བསྡོངས་བའི་ནད་རིགས་སྣ་ཚོགས་འབྱུང་བ་ཇེ་ཉུང་དུ་གཏོང་བར་དོན་སྙིང་གལ་ཆེན་ཡོད།

གཉིས་ནས་ཚྭ་ཁུ་དང་སྣུམ་གྱི་རིགས་ཉུང་ཉུང་ཟ་དགོས་པ།  ཁྲག་ནང་དུ་ཚྭ་ཡི་འདུས་ཚད་མང་དྲགས་ན།  ཁྲག་ཤེད་ཇེ་མཐོར་འགྲོ་སྲིད་པས།  སྙིང་གི་ཁུར་བོ་ཇེ་ལྗིད་དུ་གཏོང་སྲིད།  དེར་བརྟེན།  ཁྲག་ཤེད་མཐོ་བའི་ནད་པས་ཚྭ་ཁུ་ཉུང་ཙམ་ཟོས་ན་བཟང་།  སྤྱིར་བཏང་དུ་ཁྲག་ཤེད་མཐོ་བའི་ནད་པས་ཉིན་རེར་ཚྭ་ཁུ་ཁེ་༣ནས༥ཡི་མན་ཟ་དགོས། ནད་ཐོག་སྨན་བཅོས་ཀྱི་ཁྲོད་ནས་ཤེས་བ་ལྟར་ན།  ཁྲག་ཤེད་མཐོ་བའི་ནད་པ་ལ་ལས་ཚྭ་ཁུ་ཟ་ཚད་ཚོད་འཛིན་བྱས་ནས་དུས་ཡུན་ངེས་ཅན་ཞིག་འགོར་ཚེ།  ཁྲག་ཤེད་རིམ་བཞིན་རྒྱུན་ལྡན་གྱི་ཚད་དུ་བསླེབས་ཐུབ།   གཞན་ད་རུང་ཁྲག་ཤེད་མཐོ་བའི་ནད་པས་སྔོ་ཚོད་ཀྱི་རིགས་དང་འཇུ་སླ་བའི་ཟས་རིགས་མང་པོ་ཟོས་ན་བཟང་།   སྣུམ་བཅུད་ཆེ་བའི་ཟས་རིགས་དང་ལྷག་པར་དུ་ཚིལ་ཞག་དང་ནང་ཁྲོལ་སོགས་ཉུང་ཉུང་ཟོས་ཏེ།  ལུས་ཚོན་པོར་འགྱུར་བ་དང་འཕར་རྩ་སྲ་མོར་འགྱུར་བར་སྔོན་འགོག་བྱེད་དགོས།  ཇ་ཁ་རེ་རེར་ཟ་མ་རྒྱགས་དྲགས་པ་ཟ་མི་རུང་བ་དང་ལྷག་པར་དུ་དགོང་ཟས་ཉུང་ཉུང་ཟ་དགོས།  དུ་བ་དང་ཆང་།  ཇ་ཁ་མོ་སོགས་ནི་ཁྲག་ཤེད་མཐོ་བའི་ནད་ལ་ཆེས་གནོད་པས།  གལ་ཏེ་དུ་བ་འཐེན་པ་དང་ཆང་འཐུང་བ།  ཇ་ཁ་མོ་འཐུང་བ་སོགས་ཀྱི་གོམས་སྲོལ་ཡོད་ཚེ།  རབ་ཡིན་ན་དེ་དག་སྤང་དགོས།  ལྷག་པར་དུ་དགོང་མོ་ཉལ་ཁར་ཇ་ཁ་མོ་འཐུང་མི་རུང་། 

གསུམ་ནས་ངལ་གསོ་འོས་འཚམ་བྱེད་དགོས།   ཁྲག་ཤེད་མཐོ་བའི་ནད་པར་མཚོན་ན་ངལ་གསོ་འོས་འཚམ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་རེད།   ནང་སྒོས་སུ་ལོ་ལོན་ནད་པར་མཚོན་ན་ལུས་སྟེང་གི་དོན་སྣོད་ཚང་མའི་ནུས་པ་ཉམས་པའི་དུས་ཡིན་པས་ལྷག་ཏུ་མཉམ་འཇོག་དགོས།  དགོང་མོར་སྔ་ཙམ་ཉལ་ནས་ཉིན་རེར་དུས་ཚོད་༧ནས༩ལ་གཉིད་ཐུབ་པར་ཁག་ཐེག་བྱེད་དགོས།  ལོ་ལོན་ལ་ལར་མཚོན་ན་དུས་ཚོད༡༠ཡན་ལ་གཉིད་ལོག་དགོས།

བཞི་ནས་ལུས་ཕུང་སྦྱོང་བརྡར་འོས་འཚམ་བྱེད་དགོས།  ལུས་རྩལ་སྦྱོང་བརྡར་བྱས་ན་ལུས་སྟོབས་ཆེ་རུ་གྱུར་ཏེ་ནད་འགོག་ནུས་པ་ཇེ་ཆེར་གཏོང་ཐུབ་པ་དེ་ང་ཚོ་ཚང་མས་ཤེས་ཡོད། འོན་ཀྱང་ཁྲག་ཤེད་མཐོ་བའི་ནད་པར་མཚོན་ན།  ངེས་པར་དུ་སྦྱོང་བརྡར་བྱེད་སྟངས་དང་དྲག་ཞན་ལ་ཚོད་འཛིན་བྱས་ཏེ་རྒྱུན་པར་འགུལ་སྐྱོད་འོས་འཚམ་བྱས་ན་ཁྲག་གི་འཁོར་སྐྱོད་ཇེ་བཟང་དུ་གཏོང་ཐུབ་པས།  ཁྲག་ཤེད་ཚོད་འཛིན་བྱེད་པར་ཕན་ཐོགས་ཆེན་པོ་ཡོད།  སྤྱིར་བཤད་ན་ཁྲག་ཤེད་མཐོ་བའི་ནད་པས་ཕྱི་རོལ་དུ་འཆམ་འཆམ་ལ་འགྲོ་བ་དང་དལ་མོར་རྒྱུགས་པ།  རྩ་རླུང་སྒོམ་པ་སོགས་འགུལ་སྐྱོད་ཆུང་བའི་རིགས་བྱེད་པ་ལས་འགུལ་སྐྱོད་དྲག་པོའི་རིགས་བྱེད་མི་རུང་།  གལ་ཏེ་འགུལ་སྐྱོད་བྱེད་ཚད་དྲག་ཚེ་ཁྲག་ཤེད་གློ་བུར་དུ་ཇེ་མཐོར་སོང་བ་དང་མཉམ་དུ་ཟུངས་ཁྲག་གི་གར་ཚད་ཀྱང་སྔར་ལས་ཇེ་མཐོར་སོང་སྟེ། ཁྲག་གི་འཁོར་སྐྱོད་ཇེ་དལ་དུ་གྱུར་ནས་དབྱང་རླུང་མི་འདང་བའི་གནས་ཚུལ་ཚབས་ཆེན་བྱུང་བས། གློ་བུར་དུ་སྙིང་རྩ་འགག་ཏེ་ཤི་བའི་གནས་ཚུལ་འབྱུང་ཉེན་ཆེ། ལུས་སྦྱོང་བྱས་རྗེས་དབུགས་ཅུང་ཟད་འཚང་བ་དང་རྔུལ་ཆུ་ཉུང་ཙམ་བཞུར་བའམ་སྐད་ཆ་བཤད་ན་དཀའ་ཁག་མེད་ཚེ། ལུས་སྦྱོང་བྱེད་ཐེངས་དེ་ནི་ཚད་དང་རན་པ་ཞིག་ཡིན་པ་རེད། གལ་ཏེ་ལུས་སྦྱོང་བྱས་རྗེས་དབུགས་སྟོད་ལ་འཚང་བ་དང་རྔུལ་ནག་བཞུར་བ། ཐང་ཆད་པ་མངོན་གསལ་ཡིན་པ། ཐ་ན་མགོ་ཡོམ་འཁོར་བ་དང་མིག་རབ་རིབ་ཏུ་འགྱུར་བ་སོགས་མི་བདེ་བའི་སྣང་ཚུལ་བྱུང་ན་ལུས་སྦྱོང་བྱས་བ་ཚད་ལས་བརྒལ་བའི་རྟགས་རེད།  དེར་བརྟེན་ཁྲག་ཤེད་མཐོ་བའི་ནད་པས་ཞི་ལྷོད་ཅན་གྱི་ལུས་སྦྱོང་ཚད་དང་རན་པ་བྱེད་དགོས།  ནམ་ཟླ་འཁྱག་པའི་དགུན་དུས་སུ་ཁྲག་རྩ་འཁུམ་ནས་ཁྲག་ཤེད་ཇེ་མཐོར་འགྲོ་བས།  ཁྲག་ཤེད་མཐོ་བའི་ནད་པས་དགུན་ཁའི་དུས་སུ་ཁང་བའི་ནང་ལུས་སྦྱོང་བྱས་ན་འཚམ་པ་ཡིན།

 ལྔ་ནས་རྒྱུན་དུ་ཁྲག་ཤེད་ལ་བལྟ་དགོས།   ཁྲག་ཤེད་མཐོ་བའི་ནད་པར་མཚོན་ན་རྒྱུན་དུ་ཁྲག་ཤེད་ལ་བརྟག་རྒྱུ་དེ་ཧ་ཅང་གལ་ཆེ་བ་རེད།  དེའི་རྒྱུ་མཚན་ནི་ཁྲག་ཤེད་ཀྱི་མཐོ་དམའ་ལ་བལྟས་ནས་སྨན་སྣ་དང་སྨན་གྱི་འཐུང་ཚད་སྙོམས་སྒྲིག་བྱེད་ཆོག   གལ་ཏེ་ཆ་རྐྱེན་ཡོད་ཚེ།   རང་ཁྱིམ་དུ་ཁྲག་ཤེད་ལ་བལྟ་བའི་དཔྱད་ཆས་ཤིག་གྲ་སྒྲིག་བྱས་ནས་བཞག་ན་བཟང་། སྤྱིར་བཏང་དུ་ཁྲག་ཤེད་མཐོ་བའི་ནད་པའི་ཁྲག་ཤེད་ཀྱི་ཚད་དེ་༡༤༠ནས༩༠མན་དུ་ཚོད་འཛིན་བྱས་ཏེ་རང་ལ་མི་བདེ་བའི་རྟགས་མེད་ན་བཟང་བ་ཡིན།

དྲུག་ནས་ཟ་མ་ཟ་ཚད་ཇེ་ཉུང་དུ་བཏང་ནས་ཤ་བྱང་དུ་འཇུག་དགོས།  སྡོམ་རྩིས་བྱས་བ་ལྟར་ན།   ལུས་ཚོ་བའི་མིའི་ཚེ་སྲོག་ནི་རྒྱུན་ལྡན་གྱི་མི་ལས་ལོ༥ནས༡༠ཡིས་ཉུང་བ་རེད།  དེའི་རྒྱུ་མཚན་ནི་ལུས་ཚོ་དྲགས་ན་སྙིང་གི་ཁུར་བོ་ཇེ་ལྕིར་བཏང་ནས་སྙིང་ཆེར་རྒྱས་བ་དང་།  སྙིང་གཟེར་གྱི་ནད།  སྙིང་ཤུགས་ཉམས་པའི་ནད་སོགས་འབྱུང་སྲིད་པ་མ་ཟད།  འཕར་རྩ་ཡང་སྲ་མོར་གྱུར་ཏེ། ཁྲག་རྩའི་སྐུམ་ལྷོད་ནུས་པ་ཇེ་ཞན་དུ་སོང་ནས་ཁྲག་ཤེད་མཐོ་བའི་ནད་དང་ཀླད་ཁྲག་ཤོར་བ་སོགས་ཀྱི་ནད་འབྱུང་སྲིད།  ཤ་བྱང་དུ་འཇུག་པར་བྱེད་ཐབས་སྣ་ཚོགས་ཤིག་ཡོད་མོད།   འོན་ཀྱང་ཆེས་བཟང་བ་ནི་ཟས་ཉུང་ཙམ་ཟ་བ་དང་འགུལ་སྤྱོད་མང་ཙམ་བྱེད་རྒྱུ་དེ་ཡིན།  

བདུན་ནས་ཡུན་རིང་ལ་བསམ་བློ་གཏོང་དགོས།   ཁྲག་ཤེད་མཐོ་བ་ནི་ཚེ་གང་བོར་དྲག་རྒྱུ་མེད་པའི་ནད་རིགས་ཤིག་ཡིན་པས།  དུས་ཡུན་རིང་བོར་སྨན་བཅོས་བྱེད་དགོས།  ཡིན་ན་ཡང་ནད་པ་ཁ་ཤས་ཀྱིས་ན་ཚུལ་ལྟར་སྨན་འཐུང་གི་ཡོད།  དཔེར་ན་ཁྲག་ཤེད་མཐོ་བའི་སྐབས་སུ་སྨན་འཐུང་བ་ལས་ཅུང་ཟད་ཇེ་དགའ་རུ་གྱུར་ན་འཐུང་མཚམས་བཞག་ནས་སྨན་གང་ཡིན་སར་འཕངས་བ་རེད།  ད་རུང་ནད་པ་ལ་ལས་ཁྲག་ཤེད་ཀྱི་ནད་ཚོད་འཛིན་བྱས་ནཐེངས་འགའ་ལ་བརྟག་རུང་ཁྲག་ཤེད་མི་མཐོ་བས་ནད་དྲག་སོང་བར་འདོད་ནས་སྨན་འཐུང་མཚམས་འཇོག་གི་ཡོད།  དོན་ངོ་མའི་ཐོག་ནས་ད་སྐབས་ཁྲག་ཤེད་ཀྱི་ནད་སངས་དྲག་གཏོང་ཐུབ་པའི་སྨན་རྫས་ཤིག་མེད་པ་དང་།  རབ་ཡིན་ན་ཁྲག་ཤེད་ལ་ཚོད་འཛིན་བཟང་བོ་བྱས་ནས་མཉམ་བྱུང་ནད་བྱུང་བར་སྔོན་འགོག་བྱེད་རྒྱུ་དེ་ཡིན།  ནད་པ་ལ་ལས་སྨན་དུག་ཕོག་པ་དང་མི་བདེ་བའི་སྣང་ཚུལ་སྣ་ཚོགས་འབྱུང་བར་སྐྲག་ནས་སྨན་འཐུང་མཚམས་འཇོག་གི་ཡོད།  དྲང་མོར་བཤད་ན་དེ་ཡང་ནོར་འཁྲུལ་གྱི་ལྟ་ཚུལ་ཞིག་རེད།  ཡང་ནད་པ་ལ་ལས་ཁྲག་ཤེད་རྒྱུན་ལྡན་དུ་གྱུར་རྗེས།   མྱུར་དུ་སྨན་འཐུང་མཚམས་འཇོག་གི་ཡོད།  དེ་ལྟར་བྱས་ན་གསོ་བཅོས་ཀྱི་ཕན་ནུས་ཐོན་མི་ཐུབ་པ་མ་ཟད།  དེ་དང་བསྡོངས་བའི་ནད་སྟེ་སྙིང་རྩ་འགག་པ་དང་ཀླད་ཁྲག་ཤོར་བ།  མཁལ་མའི་ནུས་པ་ཉམས་པ་སོགས་ཀྱི་ནད་ཚབས་ཆེན་འབྱུང་སྲིད་པས།  ཁྲག་ཤེད་མཐོ་བའི་ནད་པ་སུ་ཡིན་རུང་རང་འདོད་ལྟར་མི་བྱེད་པར་སྨན་པས་མཛུབ་སྟོན་འོག་ཏུ་སྨན་འཐུང་ན་ཕན་པ་ཆེ་ངེས་རེད།  དེའི་ཕྱིར་ཁྲག་ཤེད་མཐོ་བའི་ནད་པ་རྣམས་ཀྱིས་ངེས་པར་དུ་ཁྲག་ཤེད་མར་འབབ་པའི་སྨན་ཡུན་རིང་ལ་འཐུང་བར་རྒྱུན་འཁྱོངས་བྱེད་དགོས།

  • ལེ་ཚན་སྔོན་མ།:ལག་པ་བཀྲུ་བའི་རྒྱུན་ཤེས་འགའ།
  • ལེ་ཚན་རྗེས་མ།:བ་མོའི་འོ་མ་འབབ་ཚད་ཇེ་མང་དུ་གཏོང་ཐབས་གསུམ།
  • དོ་སྣང་ཆེ་བའི་རྩོམ།