ལག་པ་བཀྲུ་བའི་རྒྱུན་ཤེས་འགའ།

འབྲུག་མོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-11-09

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤྱི་ལོ2005ལོར།  ལོ་རེའི་ཟླ10བའི་ཚེས15ཉིན་ནི་རྒྱལ་སྤྱིའི་ལག་པ་བཀྲུ་བའི་ཉིན་མོར་གཏན་འཁེལ་བྱས་པ་དང་། དེའི་དམིགས་ཡུལ་ནི། འཛམ་གླིང་ཡོངས་ལ་ལག་པ་བཀྲུ་བའི་ཆེས་རྒྱུན་ལྡན་དང་གལ་ཆེ་བའི་སྤྱོད་སྟངས་འདི་བརྒྱུད་ནས། གཙང་སྦྲའི་འདུ་ཤེས་ཇེ་བརྟན་དུ་གཏོང་པ་དང་། རིམས་ནད་སྣ་ཚོགས་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏོན་པ་རེད། དེའི་ཡར་སྔོན་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཞིབ་འཇུག་སྙན་ཞུ་ཅིག་སྤེལ་ནས། འོས་ཤིང་འཚམ་པའི་ལག་པ་བཀྲུ་ཐབས་སྤྱད་ནས་ལག་པ་བཀྲུ་བའི་གོམས་གཤིས་ལེགས་པོ་ཆགས་པར་བྱས་ན། བྱིས་པར་ཁོག་པ་བཤལ་བ་སོགས་ཀྱི་ནད་རིགས་འབྱུང་ཚད་བརྒྱ་ཆའི་ང་གསུམ་ཇེ་དམར་གཏོང་ཐུབ་པ་བསྟན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་ན་ལོ་རེར་བྱིས་པ་བྱེ་བ་གཅིག་དང་ས་ཡ་བརྒྱད་ཙམ་ཤི་བའི་ཁྲོད་ཀྱི་བརྒྱ་ཆའི་དགུ་བཅུ་ཙམ་ནི་ལོ་ལྔའི་མན་གྱི་བྱིས་པ་ཡིན་པས། གལ་ཏེ་ལག་པ་བཀྲུ་བའི་གོམས་གཤིས་ལེགས་པོ་རྒྱུན་འཇམས་སུ་བཏང་ན། མ་མཐའ་ཡང་དེའི་ཕྱེད་ཀ་ཙམ་གྱི་བྱིས་པའི་སྲོག་སྐྱོབ་ཐུབ་ཟེར། དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་འཛམ་གླིང་རང་བཞིན་གྱི་སློབ་གསོ་ཁྱབ་གདལ་དུ་བཏང་སྟེ། ལག་པ་བཀྲུ་ན་བདེ་ཐང་ལ་ཕན་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད་ལ། ལྷག་པར་དུ་སྨན་པ་དང་སྨན་བཅོས་མི་སྣར་དམིགས་ནས་ཁོ་ཚོས་རྒྱུན་དུ་ནད་པ་སྣ་ཚོགས་ལ་འབྲེལ་འདྲིས་བྱེད་དགོས་པས་ལག་པ་གཙང་མར་བཀྲུ་དགོས་པ་བསྟན་ཡོད། 

2011ལོའི་ཟླ10བའི་ཚེས15ཉིན་ནི་འཛམ་གླིང་གི་ལག་པ་བཀྲུ་བའི་ཉིན་མོ་ཐེངས་བཞི་བ་རེད། ད་ལོའི་བྱ་འགུལ་གྱི་བརྗོད་དོན་གཙོ་བོ་ནི་བདེ་ཐང་གི་ཆེད་དུ་ཚང་མས་རྒྱུན་དུ་ལག་པ་གཙང་མར་བཀྲུ་བའི་དཔལ་ཡོན་ལྡན་པའི་གོམས་སྲོལ་བཟང་པོ་ཆགས་པར་བྱེད་རྒྱུ་དེ་རེད། 

དེས་ན་དུས་ནམ་ཞིག་ལ་ངེས་པར་དུ་ལག་པ་བཀྲུ་དགོས་སམ་ཞེ་ན། 

གཅིག ཟ་མ་མ་ཟོས་གོང་དང་ཟ་མ་ཟོས་རྗེས་ལག་པར་གཙང་མར་བཀྲུ་དགོས།

གཉིས། མི་མང་པོས་རེག་ཐུག་བྱེད་སའི་གནས་ཏེ་དཔེར་ན་སྤྱི་སྤྱོད་རླངས་འཁོར་སོགས་ནང་གི་ལག་པ་འཇུ་ས་དང་སྒོ་ལུང་། གློག་སྐས་ཀྱི་གཅུས་སྒོ། སྤྱི་སྤྱོད་ཁ་པར་སོགས་ལ་རེག་རྗེས་ལག་པ་གཙང་མར་བཀྲུ་དགོས། 

གསུམ། ཁ་དང་སྣ། མིག་བཅས་ལ་རེག་ཐུག་བྱེད་སྐབས་ལག་པ་གཙང་མར་བཀྲུ་དགོས།  

བཞི། སྤྱོད་ཁང་དུ་བུད་རྗེས་ལག་པ་གཙང་མར་བཀྲུ་དགོས། 

ལྔ། སྨན་མ་འཐུང་སྔོན་དུ་ལག་པ་གཙང་མར་བཀྲུ་དགོས། 

དྲུག ལུ་བ་དང་སྣ་སྦྲིད་བརྒྱབ་རྗེས་ལག་པ་གཙང་མར་བཀྲུ་དགོས། 

བདུན། མིག་ཆུ་དང་སྣ་ཆུ། ཁ་ལུད། ཁ་ཆུ་བཅས་ལ་རེག་རྗེས་ལག་པ་གཙང་མར་བཀྲུ་དགོས།

བརྒྱད། སྒོ་ཕྱི་ནང་ལ་གད་བདར་བྱས་རྗེས་ལག་པ་གཙང་མར་བཀྲུ་དགོས།

དགུ། སྒོར་མོར་རེག་ཐུག་བྱས་རྗེས་ལག་པ་གཙང་མར་བཀྲུ་དགོས།

བཅུ། སྒོ་ཕྱི་ནས་ཁྱིམ་དུ་སླེབས་རྗེས་ལག་པ་གཙང་མར་བཀྲུ་དགོས།

  • ལེ་ཚན་སྔོན་མ།:ཕོ་བའི་ནད་བཅོས་སྟངས་ཐད་ཀྱི་མི་འགྲིག་ས་བཞི།
  • ལེ་ཚན་རྗེས་མ།:ཁྲག་ཤེད་མཐོ་བའི་ནད་པས་རྒྱུན་པར་རང་ཉིད་ཇི་ལྟར་སྙོམས་སྒྲིག་བྱེད་དགོས།
  • དོ་སྣང་ཆེ་བའི་རྩོམ།