མི་དམངས་དྲ་བའི་འཕྲིན།ཉེ་དུས་ཀྲུང་གོ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུ་ཀུང་སིས་དུད་ཚང་དུ་སྤྱོད་པའི་འོད་ཤུགས་གློག་ཁུངས་ཀྱི་མཐའ་མའི་མ་ལག་369ཚང་མ་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཧ་ཤུལ་ཤང་གི་འབྲོག་པ་ཚོར་སྤྲད་པ་དེ་ལས་ཞིང་འབྲོག་པ་ཁྲི་13.3གློག་མེད་པའི་འཚོ་བ་སྐྱེལ་མཇུག་འགྲིལ་བ་རེད།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དེ་ཉིད་མཚོ་བོད་ས་མཐོའི་དཀྱིལ་དབུས་ཀྱི་གཙང་གསུམ་ཆུ་འགོར་གནས་པ་དང་དེར་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4200ཡན་ཟིན་པ་དེ་ནི་མཚོ་སྔོན་ཞིང་ཆེན་དུ་ཨང་དང་པོ་དང་རྒྱལ་ཡོངས་སུ་ཨང་གཉིས་པར་བཙུགས་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཞིག་ཡིན་ལ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཀྲོའུ་30ཡི་ཁྲོད་ཀྱི་གྲངས་ཉུང་མི་རིགས་གཙོ་བོ་བཟུང་བའི་བསྡུར་གྲངས་མཐོ་ཤོས་དང་།ས་བབ་མཐོ་ཤོས།མི་རེའི་ཆ་སྙོམས་ས་ཆ་བཟུང་ཁྱོན་ཆེ་ཤོས།སྣོད་བཅུད་གནས་ཡུལ་གལ་ཆེ་ཤོས་བཅས་ཀྱི་རང་སྐྱོང་ཁུལ་ཞིག་ཀྱང་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།སྔར་ནས་ད་བར་ཡུལ་ཤུལ་ཁུལ་ཡི་གློག་མཁོ་འདོན་དེ་ཆུ་ཤུགས་གློག་ཁང་ཆུང་གྲས་གཙོ་བོར་བྱེད་པ་དང་དགུན་ཁ་ཆུ་སྐམ་དུས་གློག་ཆད་ཚད་60%ལྷག་ཙམ་ཟིན་གྱི་ཡོད།རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་བཏོན་པའི“ལོ་ལྔ་ཚན་བཅུ་གཉིས་པའི”གློག་མེད་པའི་མི་འབོར་ཚང་མར་གློག་སྤྱོད་ཐུབ་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་ཆེད།ཀྲུང་གོ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུ་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་8.38བཏང་སྟེ་ཡུལ་ཤུལ་ས་ཁུལ་དུ་འོད་ཤུགས་རྐྱང་པའི་གློག་འདོན་ལས་གྲྭ་བསྐྲུན་ནས་འོད་ཤུགས་གློག་ཁང་བསྐྲུན་རྒྱུའི་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་འོད་ཤུགས་རྐྱང་པའི་གློག་ཁང་བསྐྲུན་པའི་བྱ་ཐབས་སྤྱད་དེ་གློག་འཁྲིད་རྒྱུའི་གནད་དོན་ཐག་གཅོད་བྱེད་པ་དང་སྡོད་གནས་ཅུང་ཁ་ཐོར་ཡིན་པའི་འབྲོག་དུད་དང་གློག་དྲ་སྣུར་སྲིང་བྱ་ཐབས་བྲལ་བའི་ཁ་ཐོར་དུ་གནས་པའི་དུད་ཚང་ལ་དུད་ཚང་དུ་སྤྱོད་པའི་འོད་ཤུགས་གློག་ཁུངས་མ་ལག་སྤྲད་དེ་འཚོ་བའི་ཐད་ཀྱི་གཞི་རྩའི་གློག་སྤྱོད་གནད་དོན་ཐག་གཅོད་བྱས་པ་རེད།