ཡུལ་ཤུལ་དུ་ཆོས་སྡེ་བསྐྱར་འཛུགས་དང་རིག་དངོས་སྲུང་སྐྱོབ་བྱ་རྒྱུ་ཡིན་པ།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-03-23
ཀྲུང་དབྱང་གིས་ཡུལ་ཤུལ་གྱི་ཆོས་སྡེའི་བསྐྱར་འཛུགས་དང་རིག་དངོས་སྲུང་སྐྱོབ་ལ་ཐུགས་ཁུར་ཆེན་པོ་གནང་ནས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར14.9བཏང་ནས་ཆོས་སྡེའི་བསྐྱར་འཛུགས་དང་རིག་དངོས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ལ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཡོངས་ལ་འཆར་བཀོད་བྱས་ནས་ཆོས་སྡེའི་བསྐྱར་འཛུགས་ཐད་སྒོར་དུང་ཕྱུར9.9དང་རིག་དངོས་ཞིག་གསོ་ཐད་སྒོར་དུང་ཕྱུར5བཅས་བཀོད་སྒྲིག་བྱས།མིག་སྔར་གནོད་སྐྱོན་ཐེབས་པའི་དགོན་སྡེ87དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་།ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་དང་ཞིང་ཆེན་རིམ་པའི་མན་གྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས44ཁྲོད38ལ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་རེད།
ལོ་ངོ750ལྷག་གི་ལོ་རྒྱུས་ལྡན་པའི་ཁྲ་འགུ་དགོན་པ་ནི་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་པའི་ཆོས་སྡེ་ཆེན་མོ་ཞིག་ཡིན་ཞིང་།དེར་ལྷ་སྐུ3000ལྷག་དང་ཆོས་ཀྱི་བསྟན་བཅོས་འབུམ་གཅིག་ལྷག་བཅས་རྟེན་བྱིན་རླབས་ཅན་བགྲང་ཡས་པ་བཞུགས་མོད་ཀྱང་།ས་ཡོམ་གྱི་ཁྲོད་དུ་ཁྲ་འགུ་དགོན་པའི་ལྷ་ཁང་དང་གྲྭ་ཤགས་མང་པོ་ཞིག་ལོག་ནས་གནོད་པ་ཆེན་པོ་ཐེབས་པར་མ་ཟད།རྟེན་སྐུ་དང་བསྟན་བཅོས་སོགས་མང་པོ་ཞིག་ས་འོག་ཏུ་མནན་པས་གྱོང་གུད་ཆེན་པོ་ཐེབས།ཡང་དང་བསྐྱར་དུ་དག་བཅོས་བྱས་པ་དང་མཉམ་དུ།རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པའི་དགོངས་འཆར་སྡུད་ལེན་བྱས་མཐར《ཁྲ་འགུ་དགོན་པའི་ས་ཡོམ་བྱུང་རྗེས་ཀྱི་གནས་ཤུལ་སྲུང་སྐྱོབ་བཟོ་གྲྭའི་ལག་བསྟར་འཆར་གཞི》གཏན་འབེབས་བྱས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་རེད།