སྐྱེ་རྒུ་གྲོང་བརྡལ་གྱི་ཐོན་ལས་བསྐྱར་འཛུགས་ལས་གཞི་སྐོར་དང་པོ་ལག་བསྟར་བྱེད་མགོ་བརྩམས

ཕྱུག་ལོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-05-30

ཡུས་ཧྲུའུ་ཡི་ས་འགུལ་སྔོན་གྱི་ཐོན་ལས་སླར་གསོ་བསྐྱར་འཛུགས་བྱེད་པ་དང་སྐྱེ་རྒུ་གྲོང་བརྡལ་གྱི་ཁེ་ལས་བསྐྱར་འཛུགས་ལས་གཞི་སྐོར་དང་པོ་གཅིག་བསྡུས་ཀྱིས་ལག་བསྟར་བྱེད་མགོ་རྩོམ་པའི་མཛད་སྒོ་ཚེས་ཉེར་བརྒྱད་ཉིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་རྫོང་སྐྱེ་རྒུ་གྲོང་བརྡལ་ནས་གཟབ་རྒྱས་ངང་བསྡུས།
 རྒྱུས་ལོན་བྱུང་བ་ལྟར་ན། སྐྱེ་རྒུ་གྲོང་བརྡལ་གྱི་ས་འགུལ་སྔོན་གྱི་ཐོན་ལས་སླར་གསོ་བྱེད་པའི་ལས་གཞི་སྐོར་དང་པོར་ཁེ་ལས་བཅོ་ལྔ་ཡོད་པ་དང་། ད་ལྟ་ཡུས་ཧྲུའུ་མགྲོན་ཁང་དང་། ཀྲུང་གོ་རྡོ་སྣུམ་ཡུས་ཧྲུའུ་ཕྱིར་འཚོང་ཡན་ལག་ཀུང་ཟི། ཡུས་ཧྲུའུ་ཁུལ་གངས་ལྗོངས་ཚོང་དོན་མགྲོན་ཁང་བཅས་ལ་ལས་མགོ་རྩོམ་པའི་ཆ་རྐྱེན་ལྡན།
 ཡུས་ཧྲུའུ་མགྲོན་ཁང་སོགས་སྐྱེ་རྒུ་གྲོང་བརྡལ་གྱི་ཁེ་ལས་བསྐྱར་འཛུགས་ལས་གཞི་སྐོར་དང་པོ་གཅིག་བསྡུས་ཀྱིས་ལས་མགོ་བརྩམས་པ་དེ། གནོད་ཐེབས་ཁེ་ལས་དང་ཐོན་ལས་སླར་གསོ་བྱས་ཏེ་འཕེལ་རྒྱས་སུ་གཏོང་བ་དང་། «ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་སྒྲིག་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གི་ཆེད་དོན་འཆར་གཞི»ལས་གཏན་ལ་ཕབ་པའི་ཐོན་ལས་དང་པོའི་སྤུས་ཚད་ཇེ་མཐོར་བཏང་ནས་བརྟན་བརླིང་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་གཉིས་པའི་གཞི་ཁྱོན་རྒྱ་བསྐྱེད་ནས་ལྷད་མེད་ངང་འཕེལ་རྒྱས་སུ་གཏོང་བ། ཐོན་ལས་གསུམ་པའི་ནུས་པ་འཐུས་ཚང་དུ་བཏང་ནས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་བསྐྱར་འཛུགས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ། ཉོ་ཚོང་དང་གནས་སྐོར་རིག་གནས། ཞིང་ཕྱུགས་ཐོན་རྫས་ལས་སྣོན། སྲོལ་རྒྱུན་ལག་ཤེས་བཟོ་ལས། དངུལ་ལོར་ལས་རིགས་སོགས་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་སྔར་ལས་བཟང་པོར་འདོན་པ། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ། སྐྱེ་རྒུ་ས་ཁུལ་དེ་མཐོ་སྒང་གི་སྐྱེ་ཁམས་ལེགས་པའི་ཉོ་ཚོང་གནས་སྐོར་གྲོང་ཁྱེར་དང་། གཙང་གསུམ་འབྱུང་ཡུལ་གྱི་ལྟེ་གནས་གྲོང་ཁྱེར། མདོ་དབུས་མཐོ་སྒང་གི་མཁར་གྲོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་སྔོན་ཐོན་ས་ཁུལ་བཅས་སུ་འཛུགས་སྐྲུན་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་བསྲིང་ངང་འཕེལ་རྒྱས་སུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།
  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལྟ་ཞིབ་གཞུང་སྒྲུབ་ཁང་གིས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་སྣ་ཚོག
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་སྐྱེ་རྒུ་གྲོང་བརྡལ་གྱི་ཐོན་ལས་བསྐྱར་འཛུགས་ལས་གཞི་སྐོར་དང་པོ་ལག་བསྟར་བྱེད་མགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།