འདབ་པ་རྫོང་གིས་མང་ཚོགས་ལས་ཀ་དང་ཉེར་འབྱོར་གསུམ་གྱི་བྱེད་སྒོ་སྤེལ་སྐབས་ཧུའུ་ཁྲང་ཧྲེང་གིས་ཐུགས་རེ་འདི་ལྟར་གནང་།
ལྷ་འཛོམས་ཀྱིས་བསྒྱུར། 2014-04-14
ཟླ་བ4པའི་ཚེས4ཉིན་ནས་ཚེས་6ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་འདབ་པ་རྫོང་དུ་མང་ཚོགས་ལས་ཀ་དང་ཉེར་འབྱོར་གསུམ་གྱི་བྱེད་སྒོ་སྤེལ་ནས་གཞི་རིམ་དུ་ཟབ་འཇུག་གནང་སྟེ་རྒྱ་ཁྱབ་ཏུ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་འཇོག་གནང་བ་རེད།ཁོང་གིས་ནན་གསུང་གནང་དོན།མང་ཚོགས་ལས་ཀ་སྤེལ་བ་དེ་ཁྲིམས་ལྟར་ཁུལ་སྐྱོང་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས་སྔར་ལྷག་གིས་ལས་ཀའི་བསམ་ལམ་རྒྱ་ཆེ་རུ་བཏང་ནས་མང་ཚོགས་ལས་ཀ་དེ་ཁྱོན་ཡོངས་དང་ཚན་རིག་དང་མཐུན་པ།ཕན་ནུས་ལྡན་པ་བཅས་སྤེལ་བར་འགན་སྲུང་བྱེད་པ་དང་།གྲོང་སྡེ་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཏང་མིའི་ཐོབ་ཐང་གསལ་པོར་མངོན་པ་དང་ཞབས་ཕྱི་ཞུ་རྒྱུར་གདོང་ལེན།སྤྱི་ཞབས་པའི་གཟུགས་བརྙན་ལེགས་བཞེངས་བཅས་བྱས་ནས་མི་སེར་གྱི་བློར་བབ་པ་ཞིག་བྱེད་དགོས།
ཁོང་སྔོན་རྗེས་སུ་བསམ་མོ་ཤང་།དབང་ཆུ་ཤང་།གསལ་ལ་ཤང་།འཇང་རོང་ཤང་།འབུ་ཚང་ཤང་།ག་ཆ་ཤང་།ཆུ་རྐ་ཤང་།མགོ་ཡག་ཐང་ཤང་།མང་རྭ་ཤང་བཅས་ལ་ཕྱིན་ནས་མང་ཚོགས་ལས་ཀ་སྤེལ་བ་རེད། གསལ་ལ་ཤང་དུ་ཧུའུ་ཁྲང་ཧྲེང་གིས་ཤང་དེའི་གྲོང་སྡེའི་ལས་བྱེད་པ་དང་མཛའ་བརྩེའི་ངང་ཞལ་བརྡ་ལབ་ནས་ཁོ་ཚོའི་མང་ཚོགས་ལས་ཀའི་ཐད་ཀྱི་བསམ་འཆར་དང་གྲོས་གཞིར་ཆ་རྒྱུས་ཟབ་མོ་བླངས་རྗེས་མང་ཚོགས་ལས་ཀར་ཚང་མས་ཧུར་ཐག་གིས་ཞུགས་དགོས་ཤིང་།གྲོང་སྡེའི་ལས་བྱེད་པས་མང་ཚོགས་ལས་ཀའི་འགོ་ཡག་མོ་ཁྲིད་ནས་ཡུལ་སྲོལ་དཔལ་ཡོན་དང་འཆམ་མཐུན་བརྟན་བརླིང་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་ཞེས་གསུངས།མགོ་ཡག་ཐང་ཤང་དུ་ཧུའུ་ཁྲང་ཧྲེང་གིས་ཤང་དེ་རྫོང་གྲོང་ཁུལ་དང་ཐག་རིང་བས།འགྲིམ་འགྲུལ་དང་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཐད་ལ་སྔར་ལྷག་གིས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་གནས་ཚུལ་ཤེས་རྗེས་ཁོང་གིས་གོང་རིམ་གྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་འོག་ཁུལ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་འཇོག་བྱ་རྒྱུ་དེ་སྔ་ཡོད་མ་མྱོང་བས།འབྱུང་འགྱུར་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་ཆེན་པོ་འབྱུང་ངེས་ལ།མགོ་ཡག་ཐང་མཛེས་ལྗོངས་ས་ཁུལ་དེ་ཉི་སྟེན་མཛེས་ལྗོངས་ས་ཁུལ་དང་ཐག་ཉེ་བས་སྔར་ལྷག་གིས་ཐོན་ལས་སྒྲིག་གཞི་མགྱོ གས་སུ་ལེགས་སྒྲིག་བྱས་ནས་ས་གནས་ཀྱི་ཁྱད་ལྡན་དང་ཕུལ་བྱུང་གི་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་ནས་འཐབ་བརྒྱ་ཇུས་སྟོང་བླངས་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་གཏོང་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་ཧུའུ་ཁྲང་ཧྲེང་གིས་ས་གནས་ཞིག་ལ་སླེབས་དུས་ཡུལ་དེ་གའི་གཞི་རིམ་ལས་བྱེད་པ་དང་ལྷག་བསམ་ཟོལ་མེད་ཀྱིས་ཞལ་བརྡ་ལབ་པ་དང་བསམ་འཆར་སྤེལ་རེས་བྱས་ནས་གནད་དོན་རེ་རེར་དཔྱད་བསྡུར་ཞིབ་ཚགས་གནང་བ་རེད།རྟིང་མར་ཧུའུ་ཁྲང་ཧྲེང་གིས་འདབ་པ་རྫོང་གི་ཆོས་ལུགས་ལས་རིགས་མི་སྣར་འཚམས་འདྲི་གནང་བར་མ་ཚད།ད་དུང་རྫོང་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣར་ཏང་ཨུ་དང་སྲིད་གཞུང་གིས་འགོ་ཁྲིད་གནང་འོག་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་དང་སྡོམ་པ་སྲུང་བ།ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཕྲོད་པར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས་པའི་ཐུགས་རེ་གནང་།