ཁྲོན་བོད་ཀྱི་གློག་དྲ་མཉམ་འབྲེལ་གྱི་ཨར་ལས་ཟླ་བ8པར་ལས་འགོ་འཛུགས།

དབྱངས་ཅན་གྱིས་བསྒྱུར།        2013-08-05

  ཉེ་ཆར། སྨྱུག་འཛིན་པས་རྒྱལ་ཁབ་གློག་དྲ་དང་སི་ཁྲོན་གློག་ནུས་ཀུང་སི་ནས་ཤེས་རྟོགས་བྱུང་རྒྱུར། མ་དངུལ་སྒོར་དུང་ཕྱུར66ལས་བརྒལ་བ་ཙམ་གཏོང་འཇོག་བྱེད་དགོས་པའི་ཁྲོན་བོད་མཉམ་འབྲེལ་དྲ་བའི་ཨར་ལས་དེ་ད་ལོའི་ཟླ་བ་8པར་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ་བརྩོན་ལེན་བྱ་རྒྱུ་རེད། སི་ཁྲོན་གློག་ནུས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཧྲུའུ་ཞང་གིས་སྨྱུག་འཛིན་པ་ལ་ཁྲོན་བོད་མཉམ་འབྲེལ་དྲ་བའི་ཨར་ལས་ཀྱི་ལས་ཀ་དེ་ན་ནིང་ལོའི་ལས་མཇུག་སྒྲིལ་བའི་“ར་རྔ་ཁ་ནས་དཀར་མཛེས་དང་སེལ་ཤུལ”བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭ་ལས་ད་དུང་དཀའ་བ་རེད། སྔོན་དཔག་བྱས་ན་ཁྲོད་བོད་མཉམ་འབྲེལ་དྲ་བའི་ཨར་ལས་དེ2014ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་གྲུབ་ནས་འཁོར་སྐྱོད་བྱེད་ཐུབ་རྒྱུ་རེད་ཅེས་བཤད།
    སྨྱུག་འཛིན་པས་ཤེས་རྟོགས་བྱུང་རྒྱུར། ཁྲོད་བོད་མཉམ་འབྲེལ་དྲ་བའི་ཨར་ལས་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱག་ཕྲེང་དང་འབའ་ཐང་རྫོང་གཉིས་ནས་བརྒྱུད་དེ་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་རྫོང་ལ་སླེབས་པ་དང་། དེ་ནས་ཡང་ཆབ་མདོ་ནས་ཁག་བགོས་ཏེ་ཡུས་ལུང་གྲོང་རྡལ་དང་སྤང་མདའ་རུ་སླེབས་པ་རེད། དེའི་ནང་འབའ་ཐང་རྫོང་དང་ཆབ་མདོ་རྫོང་ལ་སྟོང་ཧྥུ500ལྡན་པའི་གློག་སྒྱུར་ས་ཚུགས་གཉིས་འཛུགས་པ་དང་ཕྱག་ཕྲེང་ནས་འབའ་ཐང་དང་ཆབ་མདོའི་བར་སྟོང་ཧྥུ500ལྡན་པའི་གློག་གི་སྐུད་ལམ་གཉིས་གསར་སྐྲུན་བྱས་པར་མ་ཟད། ཆབ་མདོ་ས་ཁུལ་དུ་ཡུས་ལུང་དང་སྤང་མདའ་ཡི་སྟོང་ཧྥུ་220ལྡན་པའི་གློག་སྒྱུར་ས་ཚུགས་གཉིས་དང་། ཆབ་མདོ་ནས་ཡུས་ལུང་བར་དང་། ཆབ་མདོ་ནས་སྤང་མདའ་བར་སྟོང་ཧྥུ220ལྡན་པའི་གློག་གི་སྐུད་ལམ་གཉིས་གསར་སྐྲུན་བྱ་རྒྱུ། ཨར་ལས་དེ་འཛུགས་སྐྲུན་གྲུབ་རྗེས་ཆབ་མདོ་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱ་ཐུབ་རྒྱུ་དང་། ལམ་རྒྱུད་དུ་གློག་མེད་པའི་ས་ཁུལ་ལ་གློག་གཏོང་ཐུབ་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ནས། འབྲི་ཆུ་སྟོད་རྒྱུད་དང་། རྫ་ཆུའི་སྟོད་རྒྱུད། ཡུལ་ཆུའི་ཆོ་བོ་བཅས་ལ་ཆུ་གློག་གསར་སྦོལ་བྱས་ཏེ་དགོས་མཁོ་སྐོང་ཐུབ་པ་དང་། ཆབ་མདོ་ས་ཁུལ་གྱི་དགེ་མཚན་ལྡན་པའི་ཐོན་ཁུངས་དེ་དཔལ་འབྱོར་དགེ་མཚན་དུ་བསྒྱུར་ནས། སི་ཁྲོན་དང་བོད་ལྗོངས་ས་ཁུལ་བར་མཆོང་བརྒལ་འཕེལ་རྒྱས་ཡོང་བའི་དོན་སྙིང་གལ་ཆེན་ལྡན་པ་རེད།
    ཁྲོན་བོད་མཉམ་འབྲེལ་དྲ་བའི་ཨར་ལས་ནི་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྦོལ་ཆེན་པོའི་འཐབ་ཇུས་དོན་འཁྱོལ་བྱེད་པ་དང་། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་ཡོང་བ་དང་ཡུན་རིང་བདེ་འགོད་ཡོང་བར་ཞབས་འདེགས་ཞུ་བའི་གལ་ཆེའི་ཨར་ལས་ཤིག་ཡིན། ཨར་ལས་ཕལ་ཆེར་ས་ཁད་མཐོ་ཞིང་རི་མཐོ་གཡང་གཟར་གྱི་གནས་སུ་ཆགས་ཡོད། ལམ་རྒྱུད་ཀྱི་གནམ་གཤིས་ཆ་རྐྱེན་ཞན་པ་དང་འཛུགས་སྐྲུན་གྱི་ཁོར་ཡུག་རྙོག་དྲ་ཆེ་བ། འགྲིམ་འགྲུལ་ཆ་རྐྱེན་ཞན་པ་དང་ཨར་ལས་ཀྱི་དཀའ་ཚད་ཆེ་བ་རེད། ཨར་ལས་ཐད་མ་དངུལ་སྒོར་དུང་ཕྱུར66.13ཙམ་གཏོང་འཇོག་བྱས་ཡོད། 2013ལོའི་ཟླ་བ8པར་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། 2014ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་གྲུབ་ནས་བེད་སྤྱོད་གཏོང་རྒྱུ་བརྩོན་ལེན་བྱ་རྒྱུ་རེད།
    མིག་སྔར། སི་ཁྲོན་ཞིང་ཆེན་གློག་ནུས་ཀུང་སིས་ཁྲོན་བོད་མཉམ་འབྲེལ་དྲ་བའི་འབྲེལ་ཡོད་ཀྱི་སྔོན་འགྲོའི་གྲ་སྒྲིག་ལས་ཀ་ལེགས་འགྲུབ་བྱུང་ཟིན་པ་རེད།
  • ལེ་ཚན་སྔོན་མ།: ཀྲེ་ཅང་ཞིང་ཆེན་གྱི་གྲོང་ཁྱེར7དང་རྫོང32ཀྱིས་སི་ཁྲོན་བོད་ཁུལ་གྱི་ཁུལ2དང་རྫོང32ལ་རིགས་མཐུན་རོགས་སྐྱོར་
  • ལེ་ཚན་རྗེས་མ།:མ་ཎི་གད་འགོ་ནས་དཀར་མཛེས་བར་གྱི་གློག་སྐྱེལ་གློག་སྒྱུར་རྣམ་གྲངས་ལས་གྲྭར་མཆན་འགོད་བཀའ་ལན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།