
དར་མདོར་ཚད་རིམ6.3དང་5.8ཅན་གྱི་ས་འགུལ་གཉིས་བསྟུན་མར་བྱུང་བ་དང་།ད་དུང་ས་འགུལ་ཆེན་པོ་འབྱུང་རྒྱུ་ཡོད་རེད་ཅེས་འཆལ་གཏམ་གྱི་བཤད་རྒྱུན་ཞིག་གང་སར་སྒྲོག་གིན་ཡོད་པས་མི་སེར་དག་གི་སེམས་འཚུབ་ཅིང་འཇིགས་སྐྲག་གིས་ཁེངས་བཞིན་ཡོད། བཤད་རྒྱུན་གྱི་གནད་དོན་འདིར་དམིགས་ནས་ངེད་གསར་འགོད་པས་སྤྱི་ཚེས28ཉིན་གྱི་ཕྱི་དྲོར་ཆེད་དམིགས་ཀྱིས་སི་ཁྲོན་ཞིང་ཆེན་ས་འགུལ་ཅུས་ཀྱི་ཞིབ་འཇུག་པ་གཞོན་པ། དར་མདོའི་ཚད་རིམ6.3གྱི་ས་འགུལ་གྱི་ཡུལ་དངོས་བཀོད་འདོམས་པ། ལྟ་ཞིབ་ཚད་ལེན་སྔོན་བརྡ་ཚོགས་ཆུང་གི་ཚོགས་གཙོ་ཀྲང་ཡུང་ཅིའུ་ལགས་ལ་བཅར་འདྲི་ཞུས་པ་ཡིན།
གསར་འགོད་པ། ཉེ་ཆར་དར་མདོར་ད་དུང་ས་འགུལ་ཆེན་པོ་ཞིག་འབྱུང་རྒྱུ་ཡོད་ཅེས་གཏམ་འཆལ་ཞིག་གང་སར་སྒྲོག་གི་འདུག་ལ།ཁྱེད་རང་འདིའི་ཕྱོགས་ཀྱི་ཆེད་མཁས་པ་ཡིན་པས་གནད་དོན་འདིར་ཁྱེད་རང་ཉིད་ཀྱི་ལྟ་ཚུལ་ག་འདྲ་ཡོད།
ཀྲང་ཡུང་ཅིའུ།གནས་ཚུལ་འདི་འདྲ་བྱུང་བ་དང་བཤད་ཚུལ་འདྲ་མིན་ལ་ཆ་བཞག་ན་བསམ་ཤེས་བྱེད་ཆོག་ཅིང་། ཉེ་བའི་ལོ་ཤས་རིང་ང་ཚོས་ས་འགུལ་མང་པོར་བརྒྱུད་ཡོད་པས་ཉམས་མྱོང་ཡོད་ལ། དཔེར་ན།5.12ཝུན་ཁྲོན་ས་འགུལ་དང4.20ལུའུ་ཧྲན་ས་འགུལ་སོགས་ཀྱི་རྗེས་སུའང་བཤད་རྒྱུན་འདི་འདྲ་བྱུང་ཡོད་པ་རེད། ཡིན་ནའང་འདིར་ངས་ཆེད་ལས་ཀྱི་སྒོ་ནས་ཚང་མར་བཤད་འདོད་པ་ནི་བཤད་རྒྱུན་གྱི་གཏམ་འཆལ་འདི་འདྲ་ལ་ནི་ཡིད་ཆེས་དགོས་དོན་རྩ་བ་ནས་ཡོད་པ་མ་རེད། རྒྱུ་མཚན་ནི་མིག་སྔར་ས་འགུལ་གྱི་ལྟ་ཞིབ་ཚད་ལེན་དང་། དབྱེ་ཞིབ་དང་སྔོན་བརྡ་ཚང་མས་ས་འགུལ་གྱི་ས་གནས་དང་། དུས་ཚོད། ཚད་རིམ་སོགས་ད་དུང་གནད་ལ་ཁེལ་བའི་སྔོན་དཔག་ཅིག་བྱེད་ཐུབ་མཁན་ཞིག་བྱུང་མྱོང་ཡོད་པ་མ་རེད།
གསར་འགོད་པ། ཚང་མས་ཤེས་གསལ་ལྟར་སི་ཁྲོན་ནི་ས་འགུལ་ཐེངས་མང་བྱུང་སའི་ས་ཁུལ་ཡིན་ལ། དེས་ན་ད་ཐེངས་ལ་དར་མདོར་ས་འགུལ་ཐེངས་གཉིས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་དེ་གང་ཡིན་པ་རེད།
ཀྲང་ཡུང་ཅིའུ། དར་མདོར་ཚད་རིམ6.3དང་5.8ཀྱི་ས་འགུལ་གཉིས་སྔ་རྗེས་བྱས་ནས་བྱུང་ཡོད་ལ་གཙོ་བོ་དར་མདོ་རྫོང་གི་ཉེ་འཁོར། རྫོང་མཁར་དང་སྤྱི་ལེ37ཙམ་གྱིས་རྒྱང་བའི་ས་ཁུལ་དག་ཡིན་ལ། ད་ཐེངས་ཀྱི་ས་འགུལ་ཐེངས་གཉིས་པོའི་གྲུབ་ཚུལ་ལ་བལྟས་ན་གཤིས་ཆུའི་གས་སྲུབས་ས་རྒྱུད་དུ་བྱུང་བ་ཡིན་པས། གཤིས་ཆུའི་གས་སྲུབས་ས་རྒྱུད་ཀྱི་བྱང་རྒྱུད་དུ་དཀར་མཛེས་རྫོང་དང་བྲག་འགོ་རྫོང་། རྟའུ་རྫོང་། དར་མདོ་རྫོང་ནས་ཧྲི་མན་རྫོང་སོགས་ཡོད་པས། ལོ་རྒྱུས་ཀྱི་ངོས་ཐད་ནས་བལྟས་ནའང་གཤིས་ཆུའི་གས་སྲུབས་ས་རྒྱུད་དག་ཏུ་ས་འགུལ་གྱི་གནད་དོན་ཚབས་ཆེན་ཡིན་པ་རེད། སྔོན་ཆད་བྱུང་མྱོང་བའི་གནས་ཚུལ་ལྟར་ན་བྲག་འགོ་དང་རྟའུ། དར་མདོ་བཅས་ཀྱི་ས་རྒྱུད་དག་ཏུ་ཚད་རིམ7ཡན་གྱི་ས་འགུལ་ཐེངས་མ་8བྱུང་མྱོང་བ་རེད། ཐེངས་འདིའི་ཚད་རིམ6.3དང་5.8ཅན་གྱི་ས་འགུལ་ཡང་གས་སྲུབས་ས་རྒྱུད་ཀྱི་ངོས་གཉིས་ཀྱི་རང་བྱུང་ས་གཤིས་ལ་ལྟོས་བཅས་ཀྱི་འགྱུར་སྣོལ་ལས་བྱུང་བ་རེད་འདུག
གསར་འགོད་པ།འཛུགས་སྐྲུན་སྒྲིག་གཞི་ཐད་ནས་བཤད་ན་དར་མདོ་ས་ཁུལ་གྱི་འཛུགས་སྐྲུན་བདེ་འཇགས་ཡིན་ནམ།
ཀྲང་ཡུང་ཅིའུ།དར་མདོ་ནི་གཤིས་ཆུ་གས་སྲུབས་ས་རྒྱུད་དུ་ཆགས་ཤིང་ལོ་རྒྱུས་ཐོག་ཏུ་ས་འགུལ་ཆེན་པོ་གང་མང་བྱུང་མྱོང་།དེའི་ཕྱིར་དར་མདོ་ས་ཁུལ་གྱི་གྲོང་ཁྱེར་ཡོངས་ཀྱིས་འགུལ་འགོག་གི་འགོག་སྲུང་དམག་གྲབས་ཀྱི་ས་གཡོའི་གཏོར་ཚད་ཏུའུ་9ཡིན།ས་གཡོའི་གཏོར་ཚད་ཏུའུ9ནི་རྒྱལ་ཁབ་ཀྱིས་འཆར་གཞི་ལ་བརྟེན་ནས་ས་ཁུལ་གཅིག་གི་འགུལ་འགོག་འགོག་སྲུང་དམག་གྲབས་དེ་གཞི་རྩའི་ས་འགུལ་ས་གཡོའི་གཏོར་ཚད་ལ་གཞིར་བཟུང་ནས་བཤད་པ་ཡིན། དེ་ལ་འགོག་སྲུང་དམག་གྲབས་ཀྱི་ས་གཡོའི་གཏོར་ཚད་ཞེས་བརྗོད།རང་རྒྱལ་གཞི་རྩའི་འགོག་སྲུང་དམག་གྲབས་ཀྱི་ས་གཡོའི་གཏོར་ཚད་ལ་དབྱེ་ན་ཏུའུ6དང་ཏུའུ7།ཏུའུ8།ཏུའུ9བཅས་ཡིན་ལ། ས་འགུལ་ཚད་རིམ7བྱུང་ནས་ས་གཡོའི་གཏོར་ཚད་ཏུའུ9ལས་བརྒལ་བ་ནི་ཉུང་བ་རེད།ང་ཚོའི་དར་མདོའི་འཛུགས་སྐྲུན་དངོས་རྫས་དེ་རྒྱལ་ཁབ་འགུལ་འགོག་གི་འགོག་སྲུང་དམག་གྲབས་ཀྱི་ཚད་ལྡན་ཇུས་འགོད་དང་ཨར་ལས་གཞིར་བཟུང་ཡོད་པས་ཚད་རིམ7ཅན་གྱི་ས་འགུལ་བྱུང་ནའང་གནོད་སྐྱོན་ཕལ་ཆེར་འབྱུང་རྒྱུ་མ་རེད།
གསར་འགོད་པ།ཁྱེད་ཆེད་མཁས་པ་ཞིག་གི་ངོས་ནས་ང་ཚོ་ཀློག་པ་པོར་ཇི་ལྟར་བྱས་ན་ད་གཟོད་ས་འགུལ་སྔོན་འགོག་གི་ཐབས་ལམ་བཟང་ཤོས་དེ་ཡིན་པ་བཤད་ཆོག་གམ།
ཀྲང་ཡུང་ཅིའུ།སྔོན་མར་ཇི་ལྟར་སྒོ་ནས་ས་འགུལ་སྔོན་འགོག་བྱེད་དགོས་པའི་དྲིལ་བསྒྲགས་མང་པོ་བྱས་མྱོང་ཡོད།དེ་ནང་ཁ་ཤས་ཚད་ལྡན་གྱི་བཤད་སྲོལ་ཡང་ཡོད།འོན་ཀྱང་ཉེ་ཆར་ལོ་ཁ་ཤས་རིང་ལ་ས་འགུལ་གྱི་གནས་ཚུལ་ལ་བལྟས་ན།ས་འགུལ་སྔོན་འགོག་ལ་ངེས་པར་དུ་ཡུལ་བབ་དང་བསྟུན་དགོས་པའི་ངེས་ཤེས་ཐོབ་ཡོད་རེད། རྩོམ་བརྒྱ་དོན་གཅིག་ཀྱི་བྱེད་ཐབས་མེད་པ་རེད།དཔེར་ན།ཁྱིམ་ནང་དང་ཐོག་ཁང་།ཐོག་རྩེག་སོགས་སུ་ངེས་པར་དུ་གནས་ཚུལ་དངོས་དང་གཞིར་བཟུང་བའི་བྱེད་ཐབས་ལས་ཕྱིར་རྒྱུག་མི་ཉན་ལ། ཐག་ཉེ་ས་དང་ས་རྒྱ་ཆུང་སར་ས་འགུལ་སྔོན་འགོག་བྱེད་དགོས།དཔྱང་སྒྲོན་དང་གོས་སྒམ་སོགས་བརྡིབས་སླ་བའི་སར་འདུག་མི་ཉན་ལ། ཁྱིམ་དང་མཐའ་འཁོར་གྱི་ཁོར་ཡུག་གང་ཡིན་ཤེས་དགོས་ཤིང་།གལ་སྲིད་ཐོག་ཁང་དམའ་སར་ཡོད་ན་མྱུར་དུ་ས་རྒྱ་ཆེ་སར་རྒྱུག་དགོས་པ་དང་།དུས་རྒྱུན་དུ་མཐའ་སྐོར་གྱི་གནོད་བྱོལ་ཁང་ཤེས་རྟོགས་དགོས་ལ།ས་འགུལ་གཡོ་བའི་གྲ་སྒྲིག་ལས་ཀ་ཡག་པོ་སྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།འདི་འདྲའི་ཤེས་བྱ་སྐོར་ལ་རང་འགུལ་གྱིས་ཤེས་རྟོགས་བྱུང་དགོས།