
ཟླ་བ7པའི་ཚེས8ཉིན་དཀར་མཛེས་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཨ་ལེན་དང་བཅས་པ་སྡེ་དགེ་རྫོང་དབེན་ཐོག་ཤང་གི་མངའ་ཁོངས་སུ་ཆགས་པའི་སྨོན་རྒྱལ་དགོན་པ་ལ་སེམས་མཐུན་ཕྱོགས་མཐུན་གྱི་ལས་དོན་བསྒྲུབ་ཏུ་སོང་བ་རེད།
ཉིན་དེར་སྨོན་རྒྱལ་དགོན་གྱིས་སྨྱུང་གནས་བཞག་སྟེ་སྨྲ་བ་བཅད་པའི་དུས་དང་འཁེལ་ཡང་ཁོང་ཚོས་ཚགས་པར་ཁང་གི་འགོ་ཁྲིད་དང་གསར་འགོད་པ་རྣམས་རང་དགོན་དུ་འོང་བ་མཁྱེན་རྗེས་ཚང་མས་ཁ་བཏགས་དཀར་པོས་བསུ་མ་བྱས།ལས་སྒྲུབ་ཚོ་ཆུང་གིས་དགོན་པའི་དོ་དམ་པ་ཚོ་དང་མཉམ་དུ་དེ་སྔོན་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་སྐོར་གྱི་མ་དངུལ་འགྲོ་སོང་གཏོང་ཚུལ་དང་དགོན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་བྱ་བ་བཅས་ལ་རྒྱུས་ལོན་བྱས་པ་མ་ཟད་དགོན་པའི་བླ་སྤྲུལ་དང་གྲྭ་བཙུན་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་ཚུལ་བཅས་དྲིལ་བསྒྲགས་དང་ཁ་བརྡ་བྱས་པ་རེད།དེ་མིན་ཐེངས་འདིར་དཀར་མཛེས་ཚགས་པར་ཁང་གིས་གོང་རིམ་གྱི་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་བྱས་ཏེ་སྨོན་རྒྱལ་དགོན་པར་རིག་གནས་ཤུལ་བཞག་སྲུང་སྐྱོང་སྐོར་གྱི་མ་དངུལ་སྒོར་ཁྲི30ལོན་པ་དང་སྒོར་ཁྲི་གསུམ་ལྷག་རི་བའི་སྒྲ་སྒམ་དང་བཅས་པ་ཆ་ཚང་ཞིག་ཕུལ་བ་མ་ཟད་དགུང་ལོ་མཐོ་ལ་ནད་ན་ཚ་མང་བའི་གྲྭ་བཙུན8ལ་མི་རེར་ཁ་བཏགས་དཀར་པོ་རེ་དང་སྒོར་200ཕུལ་ནས་འཚམས་འདྲི་ཞུས་པ་རེད།སྨོན་རྒྱལ་དགོན་པའི་སྤྲུལ་སྐུ་རྒྱལ་སྲས་ལགས་ཀྱིས་སེམས་མཐུན་ཕྱོགས་མཐུན་གྱི་བྱེད་སྒོ་སྤེལ་བ་ནས་བཟུང་དཀར་མཛེས་ཚགས་པར་ཁང་གིས་ཕྱོགས་གང་ཐད་ནས་ངེད་དགོན་པ་ལ་རོགས་སྐྱོར་གནང་བས་དགོན་པའི་ནང་གི་མགོན་ཁང་དང་ཕྱི་ཡི་ར་བ་སོགས་འཛུགས་སྐྲུན་ཡག་པོ་བྱས་ཐུབ་པས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་ང་ཚོས་མུ་མཐུད་ནས་འདུལ་ཁྲིམས་སྲུང་ཞིང་རྒྱལ་ཁབ་ལ་དགའ་བ་དང་མི་སེར་ལ་ཕན་ཐོགས་པའི་བྱ་བ་བཟང་པོ་བསྒྲུབ་ངེས་ཡིན་ཞེས་གསུངས་པ་རེད།།