2026-02-12
བློ་རིག་བསྡུས་ནས་འགན་འཁྲི་ཁུར།། འབད་བརྩོན་ཆེན་པོས་ལེའུ་གསར་རྩོམ།།
ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་འགོ་འཛུགས་ཚོགས་ཆེན་གྱི་ཟུར་བྲིས།
སྤྱི་ཟླ2པའི་ཚེས9ཉིན་གྱི་སྔ་དྲོའི་ཆུ་ཚོད9པར། སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་འགོ་བཙུགས་པ་རེད། ཚོགས་རའི་ཕྱི་རོལ་དུ་གྲང་ངར་ཆེ་ན་ཡང་། ཚོགས་རའི་ནང་དུ་དྲོ་སྐྱིད་ཀྱིས་ཁེངས་ནས་ཡོད། རང་ཁུལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་ཚོས་བརྟག་ཞིབ་ཀྱི་ཟིན་བྲིས་འཁྱེར་ཞིང་མི་དམངས་ཀྱི་རེ་སྒུག་ཟབ་མོ་བཅངས་ནས་གྲོས་ཚོགས་སུ་མཉམ་དུ་འཛོམས།
ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ལ་བལྟས་པ་ན། འདས་ཟིན་པའི་ལོ་གཅིག་རིང་གི་ཁུལ་ཡོངས་ཀྱི་སྲིད་གྲོས་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གསལ་པོར་བཀོད་ཡོད་པ་རེད། 2025ལོར་ཁུལ་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་སུ་ཞུགས་མཁན་སྡེ་ཚན་ཁག། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་པའི་གནད་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གཙོ་གནད་དང་དཀའ་གནད་ལ་དམ་པོར་དམིགས་ནས་གྲོས་གཞི་བེད་སྤྱོད་ཧུར་ཐག་བྱས་ཏེ་འགན་འཁྲི་བསྒྲུབས་ནས་གྲོས་གཞི་ཁྱོན་བསྡོམས207བཏོན་པ་དང་། ཞིབ་བཤེར་བྱས་པར་བརྒྱུད་གནད་དོན203ཐོ་འགོད་བྱས་ནས་སྒྲུབ་འགན་འཁུར་མཁན་སྡེ་ཚན43ལ་སྤྲད་ནས་བསྒྲུབས་པ་རེད། རྨང་གཞིའི་སྒྲིག་བཀོད་སྲ་བརྟན་རིམ་སྤོར་དང་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་བ། ཁྱད་ཆོས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ། མི་རིགས་རིག་གནས་སྲུང་སྐྱོང་དང་བརྒྱུད་འཛིན་བྱེད་པའི་གྲོས་གཞི་ཚང་མ་དཀར་མཛེས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་དང་དམ་པོར་འབྲེལ་ལ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་བཏང་ནས་ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་བ་དང་དམངས་འཚོ་འགན་ལེན་གྱི་དྲ་བ་ཚགས་དམ་པོ་བཟོ་བར་བརྟག་ཞིབ་བྱེད་པ་དང་། སྲིད་གྲོས་ཀྱིས་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་ཐོག་མའི་བསམ་འདུན་དང་བརྩེ་སེམས་མངོན་ཡོད།
ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུ་སྒྲའི་ཁྲོད་ནས་འགོ་བཙུགས་ཤིང་། དེ་རྗེས་རྩོམ་སྟངས་བབ་ཆགས་པའི་སྙན་སེང་ནང་འདས་ཟིན་པའི་ལོ་གཅིག་རིང་གི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་། དེའི་ནང་ཞུགས་མཁན་སྡེ་ཚན། ཨུ་ཡོན་རྣམས་ཀྱིས་ལོ་གཅིག་གི་རིང་ལ་ལས་ཀ་ཧུར་ཐག་བསྒྲུབས་པ་དང་འགན་འཁྲི་ཁུར་ཕོད་པའི་དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པར་མ་ཟད། ལོ་གསར་པར“གྲོས་མོལ་བརྟེན་ནས་མཐུན་པ་ཡོང་ཐབས་དང་། གྲོས་མོལ་ལ་བརྟེན་ནས་བྱ་བ་འགྲུབ་ཐབས”ཀྱི་འབད་སྐྱོད་གནས་ཚད་གཏན་ཁེལ་བྱས་ཡོད།
ཨུ་ཡོན་རྣམས་ལ་སྐབས་འདིའི་སྲིད་གྲོས་ལས་དོན་ལ་རྣམ་པ་གསར་པ་དང་ལེའུ་གསར་པ་གཏོད་ཐུབ་པའི་གནད་འགག་ནི་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་། ཏང་གི་འགོ་ཁྲིད་དེ་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དེ་གང་དུ་ཁ་ཕྱོགས་ན་སྲིད་གྲོས་ཀྱི་སྟོབས་ཤུགས་དེ་རུ་འབྱོར་བའི་འགན་ལེན་བྱ་རྒྱུ་དེ་ཡིན་པ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་ཚན་རྩལ་མཐུན་ཚོགས་ཁྱབ་སྤེལ་པུའུ་ཡི་པུའུ་ཀྲང་ཝང་ཚུང་གིས་སྙན་སེང་གི་ཤོག་ངོས་རེ་རེ་བཞིན་ཞིབ་ཏུ་ཀློག་ཞོར་ལ་སྨྱུ་གུ་སྤྱད་དེ་གནད་ཚིག་འོག་ཏུ་མངོན་གསལ་དོད་པོས་རྟགས་བཀོད་ཡོད། སྙན་སེང་ནང་མཛུབ་ཁྲིད་བྱས་པའི་འཕེལ་རྒྱས་ཁ་ཕྱོགས་དང་ཟུང་འབྲེལ་བྱས་ནས་ཁོས་རང་ཉིད་རྗེས་མཐུད་ཀྱི་ལས་དོན་དང་འགན་འཁྲི་སྒྲུབ་པའི་ཐད་འཆར་འགོད་གསལ་པོར་བྱས་ཡོད། ཁོས“ཚན་རིག་ཁྱབ་གདལ་དང་ཞིབ་འཇུག་སློབ་སྦྱོང་། ཡུལ་སྐོར”གྱི་གྲགས་རྟགས་དམ་པོར་དམིགས་ནས་ཚན་རིག་ཁྱབ་གདལ་དང་ཞིབ་འཇུག་སློབ་སྦྱོང་དང་ཡུལ་སྐོར་ལས་དོན་ཇེ་ཟབ་ཏུ་སྤེལ་ནས་ལམ་ཐིག་སྤུས་ལེགས་གཏོད་རྒྱུ་དང་། ཁྱད་ཆོས་ཀྱི་སློབ་ཚན་ཞིབ་འཇུག་གསར་གཏོད། ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང། ཚན་རིག་ཁྱབ་གདལ་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་ཤུགས་བསྣན་པར་སྐུལ་བ་སོགས་ལ་ཧུར་ཐག་བརྩོན་ནས་ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྟོབས་ཤུགས་བྱས་རྗེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
སྙན་སེང་ནང་མངོན་པའི་གྲུབ་འབྲས་གཡུར་དུ་སྨིན་པའི་སྐོར་གླེང་སྐབས། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། ལྕགས་ཟམ་རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ལིས་དགའ་སྤྲོ་ཆེན་པོས་གསར་འགོད་པར“མང་ཚོགས་ལ་ཁྱིམ་གྱི་སྒོ་འགྲམ་དུ་སྤུས་ཚད་མཐོ་བའི་བརྟག་དཔྱད་ཞབས་ཞུ་ཐོབ་པར་བྱེད་པ་དངAIཡིས་གཞི་རིམ་ལ་སྨན་བཅོས་ཐུབ་པ་བྱ་རྒྱུ་ནི་འགག་རྩའི་དམ་འཛིན་བྱ་གཞི་ཞིག་རེད”ཅེས་བཤད། དེར་བརྟེན་ཁོས་ཞིང་ཆེན་རིམ་པའི“AI+སྨན་བཅོས”དཔེ་སྟོན་ཁུལ་ཧུར་ཐག་བསྐྲུན་ནས་དཀར་མཛེས་ཁུལ་གྱི་གཙོ་གནད་ནད་རིགས་སྨན་བཅོས་ཀྱི་དགོས་མཁོར་དམིགས་ནས་མཐོ་སྒང་དང་འཚམ་པའི་རིམ་པ་ཡང་མོའིAIདཔེ་དབྱིབས་གསར་སྤེལ་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད། དེ་དང་ཆབས་ཅིགAIསྨན་བཅོས་མ་ལག་དེ་རྫོང་ཁོངས་སྨན་བཅོས་ཐུན་སྤྱི་ལ་ཁྱབ་རྒྱུར་བསྐུལ་ནས་རིམ་དབྱེ་སྨན་བཅོས་ལག་བསྟར་བྱ་རྒྱུར་ཏན་ཏིག་སྐུལ་བར་མ་ཟད། གཞི་རིམ་གྱི“ཨང་ཀི་སྨན་པའི”ཆེད་དོན་གསོ་སྦྱོང་ལ་ཤུགས་བསྣན་ཏེ། རིག་ནུས་སྨན་བཅོས་མ་ལག་དངོས་སུ་བེད་སྤྱོད་ཐུབ་པ་དང་བེད་སྤྱོད་གནད་ལ་འཁེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
འགོ་འཛུགས་ཚོགས་འདུ་མཇུག་འགྲིལ་རྗེས། ཚོགས་འདུར་ཞུགས་པའི་ཨུ་ཡོན་རྣམས་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་ཚོགས་ར་ནས་ཕྱིར་བུད་ཅིང་། ཡིད་ལ་མདུན་སྐྱོད་ཀྱི་སྟོབས་ཤུགས་འཕྱུར་བཞིན་ཡོད། སྟོབས་ཤུགས་དེ་ནི་ཁོ་ཚོས་གོམ་སྟབས་ལ་བརྟེན་ནས་རི་ཀླུང་ཚད་འཇལ་བྱེད་པའི་ཡིད་ཆེས་ལས་བྱུང་བ་ཡིན་ལ། ཁོ་ཚོས་བློ་རིག་འགྲན་པ་ལས་བྱུང་བ་ཞིག་ཀྱང་ཡིན།
“ད་ལོར་གྲོས་གཞི་གང་དག་ལ་དོ་ཁུར་ཆེ་ཤོས་བྱེད་ཀྱིན་ཡོད་དམ”“གྲོས་གཞིས་དུས་རབས་ཀྱི་དྲི་བར་ལན་ཇི་ལྟར་གདབ་དགོས་སམ”ཞེས་པའི་དྲི་བ་ལ་ཨུ་ཡོན་རྣམས་ཀྱིས་བློ་སྟོབས་ཆེན་པོས་ལན་འདེབས་བཞིན་ཡོད།2026ལོའི“འགན་སྒྲུབ་རྩིས་ཐོ”རུ་དངོས་སྒྲུབ་འཆར་འགོད་རེ་རེ་ལས་ཁོང་ཚོའི་སྲིད་ཞུགས་སྲིད་གྲོས་ཀྱི་མཐོང་རྒྱ་དང་འགན་འཁྲི་མཚོན་པ་སྟེ།“དཀར་མཛེས་གསར་པར་ཧུར་དུ་སྐྱོད། ཨུ་ཡོན་གྱིས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་པ་དེ་གཙོ་བོར་བཟུང་ནས།“དམིགས་པ་གསུམ་དང་བརྩོན་ལེན་གསུམ”ལ་བརྟེན་ནས་ལས་ཀའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏང་རྒྱུར་བསྐུལ་བ་རེད།“མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག་པ། ཐབས་སྒྲུབ་ལ་མཁས་པའི”འབད་འཐབ་ཀྱི་རྣམ་འགྱུར་དར་སྤེལ་ཤུགས་ཆེན་བཏང་ནས། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་ལས་འགན་སྒྲུབ་པའི་ཐོག་མའི་བསམ་འདུན་འགན་འཁྲི་བརྟན་སྲུང་བྱས་ཏེ།“བྱ་གཞག་གྲུབ་དུས་ང་མེད་ན་ཆོག”པའི་མཐོང་རྒྱ་ལས་ཡུན་རིང་འཆར་འགོད་བྱེད་པ་དང་།“བྱས་རྗེས་འཇོག་དུས་ང་རང་ངེས་པར་དུ་ཡོད་དགོས”པའི་སྤོབས་སེམས་ཆེན་པོའི་སྒོ་ནས་མིག་སྔར་དམ་འཛིན་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་ལག་གདང་སྦྲེལ་ནས་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ལེའུ་གསར་པ་གསར་རྐྱང་ཞིག་མཉམ་དུ་བྲི་རྒྱུ་ཡིན་པ་རེད།།
ལོ་ཙཱ། ལྷ་འཛོམས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10