2026-02-12
བབ་བསྟུན་འཕྲལ་སྒྲུབ་ཀྱིས་ལམ་གསར་སྐྱོད།། རྗེས་སྙེག་མཆོང་བརྒལ་གྱིས་ལེའུ་གསར་རྩོམ།།
སྤྲོ་སེམས་ཆེན་པོས་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོག་པར་རྟེན་འབྲེལ་ཞུ།
དཔྱིད་རླུང་དལ་གྱིས་ལྡང་།། རྣམ་པ་གསར་པར་མངོན།། དེ་རིང་། ཁུལ་ཡོངས་ཀྱི་མི་དམངས་ཚོས་དོ་ཁུར་བྱེད་པའི་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་གཟབ་རྒྱས་ངང་འཚོག་འགོ་བཙུགས་པ་རེད། ཁུལ་ཡོངས་ཀྱི་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་ཚོས་དུས་རབས་ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཏུ་ཁུར་ཞིང་། མི་དམངས་ཀྱི་རེ་སྒུག་དང་མངགས་བཅོལ་ཡིད་ལ་བཅངས་ཏེ། མཉམ་དུ་འཛོམས་ནས་འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་བགྲོ་དང་བསྒྱུར་བཅོས་སྒོ་འབྱེད་མཉམ་གྲོས། དམངས་འཚོའི་བདེ་རྩ་མཉམ་གཉེར། འཆམ་མཐུན་བརྟན་བརླིང་མཉམ་གླེང་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་ཆེད་ཐབས་འབུལ་ཇུས་འབུལ་བྱས་པ་རེད། ང་ཚོས་ཚོགས་ཆེན་འཚོག་པར་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུ་རྒྱུ་དང་། སྲིད་གྲོས་ཨུ་ཡོན་ཚོ་ལ་གུས་བཀུར་བླ་ན་མེད་པ་དང་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།
ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ། དེ་བཞིན་ཁུལ་ཨུ་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཞིང་ལས་ཞིང་སྡེའི་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ལག་ལེན་བསྟར་ཅིང་། རང་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་བདེ་བླག་ངང་འཛུགས་པར་སྐུལ་བའི་སྐབས་སུ་འཚོག་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་མི་དམངས་ཚོའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། ཐེངས་འདིའི་གྲོས་ཚོགས་ཡག་པོ་འཚོག་པར་རིགས་ཁག་གི་བསམ་བློ་གཅིག་གྱུར་དང་ཕྱོགས་ཁག་གི་བློ་རིག་སྟོབས་ཤུགས་གཅིག་ཏུ་སྡུད་པ། དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་འཆར་རིས་ལ་དམིགས་ནས་བསམ་གཞིག་དང་ཇུས་གཉེར། ལས་སྒྲུབ་དང་ལག་ལེན་བསྟར་བ། ཀྲུང་གོའི་ལུགས་ཀྱི་དཀར་མཛེས་ཁུལ་གྱི་ལག་ལེན་ལ་ཤུགས་ཆེན་བསྐུལ་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་རང་ཁུལ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་ཡོང་བར་ཁག་ཐེག་ཐུབ་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད།
དུས་ཚོད་དང་ལོ་ཟླས་འབད་འབུངས་དང་ཧུར་སྐྱོད་བྱེད་མཁན་ལ་གོ་སྐབས་དང་འབྲས་བཟང་བསྩལ་ངེས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་རིམ་ནི་རང་ཁུལ་འཕེལ་རྒྱས་ཀྱི་ལམ་རིམ་དུ་ཆེས་རྒྱུན་ལྡན་མིན་ལ་སྤྱིར་བཏང་བ་གཏན་ནས་མིན་ཞིང་། ལམ་ཚད་རྡོ་རིང་ལྟ་བའི་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་ལྔའི་རིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག། ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་སྲིད་ཆེན་བྱེད་ཕྱོགས་དང་། ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་བ་དང་། མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་གཉིས་དམ་དུ་བཟུང་ཞིང་། ཁུལ་ཨུའི་སྤྱིའི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་ལེན་ནན་ཏིག་བསྟར་བ། ཆབ་སྲིད་སྣེ་ཁྲིད་ཐད་བློ་བརྟན་འགྱུར་མེད་དང་འཕེལ་རྒྱས་ལ་ཞབས་ཞུ་ཐད་འགན་ཆེན་ཁུར་བ། འགན་འཁྲི་སྒྲུབ་པ་དམངས་ཀྱི་ཆེད་ཡིན་པའི་ཐད་བརྩེ་སེམས་དང་བློ་རིག་ཕུལ་བ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཐད་དེ་བས་རྒྱ་ཁྱབ་ཡིན་པ་བཅས་བྱེད་ཐུབ་པའི་སྒོ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་བྱས་རྗེས་ཆེན་པོ་བཞག་ཡོད། ལྷག་པར་དུ2025ལོར། ནམ་ཡང་ཁུལ་ཨུ་དང་བློ་གཅིག་སེམས་གཅིག་དང་ཕྱོགས་མཐུན་སྤྱོད་མཐུན་བྱས་ཤིང་། ལས་འགན་གཙོ་བོར་དམིགས་པ་དང་ཉེ་བར་དམིགས་པ། ཆེད་དུ་དམིགས་པ། ཞབས་འདེགས་ཞུ་བ་བཅས་རྒྱུན་འཁྱོངས་ཤིང་། ཚུགས་གནས་མཐོན་པོས་འགན་འཁྲི་བསྒྲུབས་པ་དང་། ཚད་གཞི་མཐོན་པོས་དོན་འཁྱོལ་དམ་འཛིན། བླང་བྱ་ནན་པོས་དངོས་སྒྲུབ་དངོས་གཉེར་བཅས་བྱས་ནས། དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་། དམངས་འཚོ་སྤུས་འབྲས་བཟང་བ། བཅོས་སྐྱོང་གི་ལས་ཆོད་ཆེ་བ། ཉེན་མེད་ཀྱི་ཆུ་ཚད་མཐོ་བ་བཅས་ཡོང་བའི་ཆེད་དུ་བློ་རིག་དང་སྟོབས་ཤུགས་བྱས་རྗེས་སུ་ཕུལ་ཡོད། འདིར་ང་ཚོས་སྲིད་གྲོས་ཨུ་ཡོན་རྒྱ་ཆེན་དང་སྲིད་གྲོས་ལས་སྒྲུབ་པ་ཚོ་ལ་གུས་བཀུར་བླ་ན་མེད་པ་ཞུ་རྒྱུ་ཡིན།
དངོས་སྒྲུབ་ཧུར་བརྩོན་བྱས་ནས་འབྲས་བཟང་སྨིན།། བབ་བསྟུན་འཕྲལ་སྒྲུབ་བྱས་ནས་ལེའུ་གསར་འབྱེད།། 2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་འཛུགས་པའི་ལོ་ཡིན་ལ། དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་བའི་སྔ་འཛིན་ཕྱི་མཐུད་ཀྱི་ལོ་གནད་འགག་ཀྱང་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ལམ་ཆེན་དུ་སྐྱོད་པ་དང་། དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱ་གཞག་གི་རྒྱུན་བསྐྱངས་ཏེ། འཆར་གཞི་བརྗིད་ཆེན་དངོས་ཡོད་མཐོང་ཆོས་སུ་བསྒྱུར་བར་ང་ཚོས་འབད་འཐབ་ལྷོད་མེད་བྱ་དགོས། ཕུགས་འདུན་བཟང་པོ་ལག་ལེན་དངོས་སུ་བསྒྱུར་བར་ང་ཚོས་དཀའ་སྒྲུབ་ནན་ཏིག་བྱ་དགོས། ཁུལ་ཨུའི་སྤྱིའི་ལས་དོན་བཀོད་སྒྲིག་ལ་དམིགས་ཤིང་། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས། “གསར་པ་བདུན”གྱི་འབད་འཐབ་དམིགས་འབེན་འགྲུབ་པར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱ་དགོས་ཤིང་། སྟོབས་ཤུགས་ཆེ་ཕྲ་རེ་རེ་ནི་མེད་དུ་མི་རུང་ལ་བློ་རིག་བཟང་པོ་རེ་རེ་ནི་ཆེས་རྩ་ཆེན་ཡིན་ཞིང་། བྱས་རྗེས་ཆེ་ཆུང་རེ་རེ་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཁུལ་ཡོངས་ཀྱི་སྲིད་གྲོས་རིམ་པ་ཁག་གི་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རྒྱ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱེད་ཅིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་སྙིང་དོན། ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་བཅས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་སྲིད་ཆེན་བྱེད་ཕྱོགས་དང་ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཏུ་གཅིག་གྱུར་ཡོང་བ་བྱེད་པ། སྙིང་ཐག་པ་ནས་གཏན་འཁེལ་གཉིས་ལ་བརྩི་སྲུང་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལག་ལེན་བསྟར་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞབས་འདེགས་དང་རོགས་དན་བྱ་རྒྱུ་འགན་སྒྲུབ་ཀྱི་གཙོ་ཕྱོགས་སུ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པས་སྲིད་གྲོས་ལ་སྤྲད་པའི་འགན་ནུས་འཁུར་བ། གྲོས་མོལ་དམངས་གཙོ་ཐབས་ལམ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞི། འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འགན་སྒྲུབ་ཀྱི་གཙོ་གནད་མངོན་གསལ་བཟོ་བ་དང་ཕྱོགས་གཉིས་ནས་ཤུགས་འདོན་པར་སྔར་བས་དོ་སྣང་། གོང་བུ་གཅིག་སྒྲིལ་བཞི་ཡི་ལས་དོན་ཧུར་ཐག་བསྒྲུབས་ཏེ། དོན་གཉེར་ཁྲོད་དུ་སྲིད་གྲོས་ཀྱི་སྐད་སྒྲ་ཡོད་པ་དང་ལས་སྒྲུབ་ཁྲོད་དུ་སྲིད་གྲོས་ཀྱི་བྱས་རྗེས་མངོན་པ་དང་། ལས་དོན་གྲུབ་པའི་ཁྲོད་དུ་སྲིད་གྲོས་ཀྱི་གཟུགས་སྣང་བསྟན་ནས། ལས་འགན་གཙོ་བོ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཚད་ཆེ་རུ་གཏང་དགོས།
རྒྱང་ལམ་གསར་པར་འབད་པས་སྐྱོད།། མ་འོངས་བྱ་གཞག་རེ་བས་ཁེངས།། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ནས་ལངས་ཏེ། དེང་རབས་ཅན་དཀར་མཛེས་ཁུལ་གྱི་བྱ་གཞག་བསྒྲུབ་པར་ཁུལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་རྒྱ་ཆེན་གྱིས་འགན་འཁྲི་ཧུར་ཐག་འཁུར་བ་དང་སྟོབས་ཤུགས་ཡོད་ཚད་འབུལ་བ། བསམ་པའི་འཁྱེར་སོ་བབ་ལ་ཡོད་པ། འབད་འཐབ་འདུ་ཤེས་དངོས་སུ་འཆང་བ། འགན་སྒྲུབ་ལག་ལེན་ལས་ཡུལ་དུ་ཡོད་པ། དཀར་མཛེས་ཁུལ་གྱི་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ལ་དམིགས་ཤིང་། འགག་སྒྲོལ་དཀའ་སེལ་གྱི་གདོང་མཆོང་བ་དང་དུས་བསྟུན་མདུན་སྐྱོད་ཀྱི་དཀའ་སྒྲོལ་མཁན། འབད་འཐབ་ཧུར་སྐྱོད་ཀྱི་སྐྱ་འདེགས་པ་བཅས་བྱས་ཏེ། ཕྱར་བ་གྲུ་འདེགས་ཀྱིས་དཀར་མཛེས་ཁུལ་གྱི་འབྱུང་འགྱུར་བཟང་པོ་གཏོད་དགོས་པ་ཁ་ཚ་དགོས་གཏུག་ཡིན། སྲིད་གྲོས་ཨུ་ཡོན་ལྷན་རྒྱས་ཀྱིས་བློས་འབྱོང་གིས་ལས་གནས་བརྟན་སྲུང་དང་། ཧུར་སྐྱོད་ཀྱིས་དཀའ་གནད་སྒྲོལ་བ། དངོས་སྒྲུབ་ཀྱིས་དྲིས་ལན་འདེབས་པ། བློ་རྩ་བརྟན་པོས་དམིགས་འབེན་དུ་སྐྱོད་པ་དང་། བློ་ཕྱོགས་གཅིག་ལ་གཏད་པ་དང་འབད་འབུངས་བརྩོན་སྐྱེད། དངོས་སྒྲུབ་ལྷོད་མེད། མདུན་སྐྱོད་ཞུམ་མེད་བཅས་བྱེད་ཐུབ་ཅིང་། ཐེངས་འདིའི་གྲོས་ཚོགས་དེ་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་འབད་འཐབ། སེམས་ཤུགས་གཅིག་སྒྲིལ། རྒྱུན་མཐུད་འབད་འཐབ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོག་ཐུབ་པ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་བར་བྱས་རྗེས་གཞག་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།།
ཚོགས་ཆེན་ཕུན་སུམ་ཚོགས་པའི་ངང་ལམ་ལྷོང་འབྱུང་བར་སྨོན།
ལོ་ཙཱ། སྐལ་ཐུབ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10