གཟོབས། རང་ཁུལ་རྫོང་དང་གྲོང་ཁྱེར་འདི་ཚོ་ལ་ཆུ་ལོག་འབྱུང་ཉེན་ཡོད།

        2022-09-05

  སྤྱི་ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་དང་། སི་ཁྲོན་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེའི་ཉེན་ཟོན་ཉེན་བརྡ་སྔོན་པོ་བཏང་བའི་རྫོང་དང་གྲོང་ཁྱེར15ཡོད་པ་ལས་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་ཉག་ཆུ་རྫོང་། རྟའུ་རྫོང་། རོང་བྲག་རྫོང་། ཉག་རོང་རྫོང་། སྡེ་དགེ་རྫོང་། དཔལ་ཡུལ་རྫོང་། དཀར་མཛེས་རྫོང་། བྲག་མགོ་རྫོང་། གསེར་རྟ་རྫོང་བཅས་འདུས་ཡོད།

     སི་ཁྲོན་ཞིང་ཆེན་ས་གཤིས་ཁོར་ཡུག་ཆ་རྐྱེན་ལ་གཞིགས་ཤིང་། སི་ཁྲོན་ཞིང་ཆེན་གནམ་གཤིས་ཁང་གི་གནམ་གཤིས་སྔོན་བརྡ་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཟླ9པའི་ཚེས2ཉིན་གྱི་ཆུ་ཚོད20ནས་ཚེས3ཉིན་གྱི་ཆུ་ཚོད20བར་ལ། ཞིང་ཆེན་ཡོངས་ཀྱི་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་མཇུག་འབྲས་ལྟར་ན། རིམ་པ་གསུམ་པའི་ཉེན་ཟོན་ཉེན་བརྡ་སེར་པོའི་ས་ཁོངས་སུ། རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། རོང་བྲག་རྫོང་། ཉག་ཆུ་རྫོང་། རྟའུ་རྫོང་། བྲག་མགོ་རྫོང་། དཀར་མཛེས་རྫོང་། ཉག་རོང་རྫོང་། སྡེ་དགེ་རྫོང་། དཔལ་ཡུལ་རྫོང་། གསེར་རྟ་རྫོང་བཅས་འདུས་ཡོད།

རྡ་ལེན་ཐབས་བཀོད་ཐད་གཤམ་གསལ་གྱི་དོན་ཚན་ཁག་ལ་དོ་སྣང་བྱ་དགོས་པ་སྟེ།

གཅིག། ཆར་ཆུའི་གནས་ཚུལ་དང་ཆུ་འབྲུབ་ཚུལ་ལ་དོ་སྣང་ཆེན་པོ་བྱ་རྒྱུ་དང་། འབྲེལ་ཡོད་མི་སྣ་ལས་གནས་སུ་དེ་མ་ཐག་འབྱོར་ཐུབ་ཅིང་འཕྲིན་གཏོང་འབྲེལ་གཏུག་ལ་ཐོགས་པ་མེད་པ་བྱ་ཐུབ་དགོས།

གཉིས། ཆུ་ཚོད24རིང་ལ་ལས་རེས་བརྟན་སྲུང་དང་། ཆར་ཆུའི་གནས་ཚུལ་དང་བསྟུན་ནས་ས་གཤིས་གནོད་འཚེའི་འཕེལ་ཕྱོགས་བརྡ་གཅོད་བྱེད་ཅིང་ཉེན་ཁའི་རིམ་པ་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏང་དགོས།

གསུམ། གནོད་འགོག་འགན་འཁྲིའི་མ་ལག་དོན་འཁྱོལ་བྱས་ཚུལ་ཞིབ་བཤེར་བྱ་དགོས།

བཞི། ཁང་པའི་མཐའ་འཁོར་གྱི་ཉེན་ཁའི་ས་ཁོངས་ལ་སྐོར་ཞིབ་དང་ལྟ་ཞིབ་བྱེད་ཐེངས་ཇེ་མང་དུ་གཏང་དགོས།

ལྔ། ལྟ་ཞིབ་ཉེན་ཟོན་ཉེན་བརྡ་དང་ཆ་འཕྲིན་ཁྱབ་སྤེལ་ལས་དོན་ཡག་པོ་བསྒྲུབ་དགོས།

དྲུག། ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ལ་འགན་འཁྲི་ལས་བགོས་ལྟར་ཉེན་སའི་གནོད་པ་ཐེབས་ཉེན་ཡོད་པའི་མི་སྣ་སྤོ་བྱོལ་བྱ་རྒྱུའི་གྲ་སྒྲིག་བྱེད་པར་ལྟ་སྐུལ་ཁྲིད་སྟོན་བྱེད་པ་དང་། དགོས་པ་ཡོད་དུས་ཉེན་ཁ་ཚབས་ཆེན་ཐེབས་ཉེན་ཡོད་པའི་མི་སྣ་སྔོན་ལ་སྤོ་བྱོལ་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས།

བདུན། གློ་བུར་དུ་འབྱུང་བའི་ས་གཤིས་གནོད་འཚེའི་འཚུབ་བསྟུན་ཐག་གཅོད་ལས་དོན་ཡག་པོ་བསྒྲུབ་དགོས།



ཐུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཝང་ཞའོ་ཧུའེ་ཡིས་མཛུབ་སྟོན་གནང་།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་གནས་ཚུལ་གསར་པ།
  • དོ་སྣང་ཆེ་བའི་རྩོམ།