བྲག་འགོ་རྫོང་གིས་དམར་དམག་རྒྱང་བསྐྱོད་བྱས་ནས་ལོ་འཁོར80འཁོར་བར་རྗེས་དྲན་གྱི་རིག་རྩལ་བྱེད་སྒོ་སྤེལ།

ཀུན་དགའ་དང་ཀྲང་པིང་།        2015-07-28

ཟླ་བ7པའི་ཚེས25ཉིན། བྲག་འགོ་རྫོང་གིས་ཉི་མོ་ཤང་ཤྭ་རྭ་ཐང་གྲོང་སྡེ་རུ་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ཅེས་པའི་བརྗོད་བྱར་དམིགས་ཏེ་དམར་དམག་རྒྱང་བསྐྱོད་བྱས་ནས་ལོ་འཁོར80འཁོར་བར་རྗེས་དྲན་གྱི་རིག་རྩལ་བྱེད་སྒོ་སྤེལ་བ་རེད།
 ཐེངས་འདིའི་བྱེད་སྒོར་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་འགོ་འཛིན་དང་། ཞིབ་འཇུག་པ་ཆེན་མོ་ཧོའུ་ཧྲུའུ་ཕིང་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཤེས་རབ་ཉི་མ། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུ་རམས་པའི་སློབ་དཔོན་ཆེན་མོ་དགེ་ལེགས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དེང་རབས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཏུའུ་ཡུང་པིང་སོགས་གདན་ཞུ་བྱས་པ་རེད།
 གོང་ཚེས་ཉིན་གྱི་སྔ་དྲོར། བྲག་འགོ་རྫོང་གི་ལས་བྱེད་པ་དང་ལས་བཟོ། ཤྭ་རྭ་ཐང་གྲོང་སྡེ་དང་ཐག་ཉེར་ཡོད་པའི་མི་སེར་རྣམས་ཀྱིས་དམར་དམག་དང་འབྲེལ་ཡོད་ཀྱི་ནང་དོན་གཙོ་བོར་བྱས་པའི་གླུ་ལེན་གར་འཁྲབ་བརྒྱུད་དེ་རྗེས་དྲན་ཞུས་པ་དང་། རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས་སུ་ད་དུང་བྲག་འགོ་རྫོང་དུ་དམར་དམག་རྒྱང་སྐྱོད་དང་འབྲེལ་བ་ཡོད་པའི་པར་རིས་འགྲེམ་སྟོན་བྱས་པ་རེད།
 ཤྭ་རྭ་ཐང་གྲོང་སྡེར་ཡོད་པའི་དམར་དམག་རྒན་པ་ལི་ཧྥེང་མིང་གིས་འདི་འདྲའི་བྱེད་སྒོ་སྤེལ་བ་ནི་ཧ་ཅང་ཡག་གིན། བྱེད་སྒོ་སྤེལ་བའི་ཐོག་ནས་མི་ཚང་མས་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ལ་དེ་བས་རྒྱུས་ལོན་ཐུབ་ལ་དམར་དམག་རྒྱང་སྐྱོད་ཀྱི་རླབས་ཆེན་གྱི་སྙིང་སྟོབས་ཀྱང་མཚོན་ཐུབ་པ་རེད། འདི་འདྲའི་བྱེད་སྒོ་ཕྱིན་ཆད་དུའང་མུ་མཐུད་ནས་སྤེལ་ན་ཡག་པོ་འདུག་ཞེས་བཤད་དོ། །
 ངོ་སྤྲོད་བྱས་པར་གཞིགས་ན། དམར་དམག་རྒྱང་སྐྱོད་བྱེད་པའི་ཚེ་རང་ཁུལ་གྱི་རྫོང་ཁག16བརྒྱུད་པ་དང་བྲག་འགོ་རྫོང་དུ་དམག་མི་ཁྲི4ལྷག་ལོ་ཕྱེད་བསྡད་མྱངས་པ་དང་། སྐབས་དེར་དམར་དམག་གིས་དམར་དམག་སློབ་ཆེན་དང་སྨན་ཁང་བཙུགས་ཤིང་ལུས་རྩལ་འགྲན་ཚོགས་དང་ཞིང་ལས་ཐོན་སྐྱེད་སོགས་ཀྱི་བྱེད་སྒོ་སྤེལ་ནས་བྲག་འགོ་མི་དམངས་བར་བརྩེ་དུང་ཟབ་མོ་ཆགས་པ་རེད། དེའི་དུས་བྲག་འགོའི་མང་ཚོགས་ཁྲི2ལྷག་གིས་དམར་དམག་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་རྒྱབ་སྐྱོར་ཆེན་པོ་བྱས་ཤིང་རྒྱབ་ཕྱོགས་ཀྱི་དངོས་རྫས་མཁོ་འདོན་བྱེད་པར་འགན་སྲུང་བྱས་པས་དམར་དམག་མུ་མཐུད་དེ་བྱང་བསྐྱོད་བྱེད་པར་བྱས་རྗེས་ཆེན་པོ་བཞག་པ་རེད།
  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་བརྒྱད་ཟིལ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གིས་མེ་སྐྱོན་འགན་ཁུར་བར་འགན་འཁྲི་རྩད་གཅོད་བྱས།
  • དོ་སྣང་ཆེ་བའི་རྩོམ།