ཏྲེ་ཧོར་བོད་ཡིག་སློབ་གྲྭས་དབྱངས་གསལ་གྱི་སྲོག་རྟ་ཞེས་པའི་བྱེད་སྒོ་སྤེལ།

ཆོས་བཞིན།        2021-05-21

ཏྲེ་ཧོར་བོད་ཡིག་སློབ་གྲྭས་དབྱངས་གསལ་གྱི་སྲོག་རྟ་ཞེས་པའི་བྱེད་སྒོ་སྤེལ།

སྤྱི་ལོ2021ལོའི་ཟླ5བའི་ཚེས20ཉིན་ཏེ་གཟའ་ཕུར་བའི་ཕྱི་དྲོར་བྲག་མགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་གྲྭའི་བོད་སྐད་ཡིག་ཚན་ཁག་གིས་དབྱངས་གསལ་གྱི་སྲོག་རྟ་ཞེས་པའི་བོད་ཡིག་ཁོ་ནའི་འབྲེལ་ཡོད་ཤེས་བྱའི་སྐོར་གྱི་འགྲན་སྡུར་བྱེད་སྒོ་ཞིག་སྤེལ་བ་རེད།

འགྲན་སྡུར་ལས་རིམ་གྱི་ཕྱོགས་ལ་སློབ་ཆུང་དང་སློབ་འབྲིང་ཁག་གི་འགྲན་སྐོར་གཉིས་སུ་དབྱེ་ཞིང་། འགྲན་སྐོར་རེ་རེའི་འགྲན་རིམ་དུ་མི་སྒེར་གྱི་ལན་འདེབས་དང་། གྲོས་བསྡུར་ལན་འདེབས། རྩོད་ལན་འདེབས་པ་བཅས་རིམ་པ་གསུམ་ཡོད་པར་མ་ཟད། སློབ་ཆུང་གི་འགྲན་ཞུགས་ཚན་ཆུང་རེར་མི་གསུམ་དང་སློབ་འབྲིང་གི་མི་བཞི་རེ་བྱས་ཡོད།

འགྲན་ཞུགས་མི་སྣ་འདེམས་སྐབས། སྔ་ས་ནས་བཀོད་སྒྲིག་བྱས་པ་མ་ཡིན་པར། བྱེད་སྒོ་དབུ་ཚུགས་ལ་ཉེ་བའི་དུས་སུ། འཛིན་གྲྭ་སོ་སོར་རང་མོས་སྒོས་འགྲན་ཞུགས་སློབ་མར་ལག་པ་འགྱོག་ཏུ་བཅུག་པ་དང་། གལ་ཏེ་འགྲན་ཞུགས་མཁན་ཉུང་འདུག་ན་དགེ་རྒན་ཆེད་བསྐོས་ཀྱིས་ཁྲོམ་འདེམས་དང་། མང་སོང་ན་ཞུགས་མོས་ཡོད་པའི་སློབ་མའི་ཁྲོད་ནས་གང་རུང་བསལ་འདེམས་བྱས་པ་ཡིན།

དུས་ཚོད་སྟངས་འཛིན་གྱི་ཐད་ནས། སློབ་ཆུང་འགྲན་སྐོར་གྱི་འདྲི་ཚིག་སོ་སོར་སྐར་མ་གསུམ་རེའི་དུས་ཚོད་ཡོད་ལ། སློབ་འབྲིང་འགྲན་སྐོར་ལ། གྲོས་བསྡུར་སྐར་མ་གཉིས་ཡིན་པ་ལས་གཞན་གཉིས་སྐར་གཅིག་རེ་ཡིན། གཞན་དུ་སྒེར་ལན་མི་རེར་ཚར་རེ་དང་། གྲོས་ལན་ཚན་ཆུང་རེར་གཉིས་རེ། རྩོད་ལན་འགྲན་སྐོར་རེར་བཅུ་རེ་བྱས་ཡོད།

འགྲན་བསྡུར་གྱི་རྟིང་ཐག་ཆོད་རྗེས། འགྲན་སྐོར་རེར་ཨང་དང་པོ་གཅིག་དང་གཉིས་པ་གཅིག གསུམ་པ་གཅིག་བཅས་ལ་གཟེངས་རྟགས་ཕུལ་བར་མ་ཟད། འགྲན་ཞུགས་པ་ཡོངས་ལའང་འོས་འཚམས་ཀྱི་གཏང་རག་རེ་བསྩལ་བ་རེད།

མཇུག་ཏུ་ལས་བཞི་ལྷུན་འགྲུབ་ཡོང་བའི་རྟེན་འབྲེལ་ལ་ཞབས་བྲོ་ཞིག་ཀྱང་བཀོད་སྒྲིག་བྱས་ཤིང་། བྱེད་སྒོ་འདིའི་ཐོག་མཐའ་བར་གསུམ་དུ་འབྲེལ་ཡོད་མགོ་ཁྲིད་དང་འགན་ཁུར་བ། ལས་སྒྲུབ་པ་སོགས་ཀྱིས་གཟིགས་སྐྱོང་དང་རྒྱབ་སྐྱོར་གྱ་ནོམ་པ་བྱས་པས་ཡོད་ཚད་བདེ་བླག་གིས་མཇུག་གྲིལ་བར་བྱས།

བདེ་འཕྲིན་དང་འཕྲིན་ལས་ཀྱིས་པར་བླངས།


  • ལེ་ཚན་སྔོན་མ།:རྨི་ལམ་གྱི་ཁུག་པ་ བཅོ་བརྒྱད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་འབྲེལ་ཡོད་ལས་དོན་ཆེད་མངགས་བཀོད་སྒྲིག་བྱས།
  • དོ་སྣང་ཆེ་བའི་རྩོམ།