གངས་ལྗོངས་མཚལ་རྡོའི་སྙན་གྲགས་ཡོངས་སུ་ཁྱབ།

ཀུན་དགས་བསྒྱུར།        2021-05-19

ཉག་རོང་མཚལ་རྡོའི་མཛེས་ལྗོངས་ཁུལ་ད་ལོའི་ནང་ཚུད་དུ་ཚོད་ལྟའི་ཚོང་གཉེར་བྱེད་རེ་ཡོད།

གངས་ལྗོངས་མཚལ་རྡོའི་སྙན་གྲགས་ཡོངས་སུ་ཁྱབ།
ཉག་རོང་མཚལ་རྡོའི་མཛེས་ལྗོངས།

སྤྱི་ལེ་གྲུ་བཞི་མ100ལ་ཟིན་པའི་ཉག་རོང་མཚལ་རྡོའི་ས་དབྱིབས་ཆགས་ཚུལ་འདྲ་མིན་སྣ་ཚོགས་ཡིན་པས་མི་རྣམས་ཧང་སངས་དགོས་ཤིང་།2017ལོར་ཉག་རོང་མཚལ་རྡོའི་མཛེས་ལྗོངས་ཁུལ་ལ་སི་ཁྲོན་ཞིང་ཆེན་ཡུལ་སྐོར་ཐོན་ཁུངས་ཀྱི་རིམ་པ་དཔྱད་བསྡུར་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རིམ་པ5ཡི་ཡུལ་སྐོར་ཐོན་ཁུངས་ལ་ཞིབ་དཔྱད་གཏན་འཁེལ་བྱས་པར་བརྒྱུད་མཛེས་ལྗོངས་ཁུལ་གྱི་རིན་ཐང་ཆེན་པོ་ཡོད་ཅིང་། རང་ཁུལ་དང་ཐ་ན་མཚོ་བོད་མཐོ་སྒང་དུ་ཐུན་མིན་རང་བཞིན་གྱི་མཛེས་ལྗོངས་ཁུལ་གཏོད་པའི་ཆ་རྐྱེན་འཛོམས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།ཁུལ་རིག་གནས་ཡུལ་སྐོར་ཚོགས་པས་ཉག་རོང་རྫོང་དང་མཉམ་དུ་གསར་སྤེལ་བྱས་པའི་མཚལ་རྡོའི་མཛེས་ལྗོངས་ཁུལ་གྱི་དུས་ཐེངས་དང་པོའི་ལས་གཞི་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར6.25བཏང་ནས་རྒྱལ་ཁབ་ཀྱིAལྔ་རིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུ་ཡིས་དམིགས་ཡུལ་བྱས་ཤིང་། སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་བྱ་རྒྱུ་ཡིས་གཙོ་བོ་བྱེད་པའི་རྩ་དོན་ལྟར། ཡུལ་སྐོར་དབུལ་སྐྱོར་མངོན་འགྱུར་དང་མཚལ་རྡོའི་མཛེས་ལྗོངས་ཁུལ་ལ་ལྟ་སྐོར།བོད་གྲོང་རིག་གནས་ལ་མྱོང་ཚོར་བྱེད་པ་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་གསར་སྤེལ་བྱ་རྒྱུ་ཡིན་ཞིང་།ད་སྔར་ལས་གཞིའི་འཕེལ་རིམ་བདེ་བླག་ངང་སྤེལ་བཞིན་ཡོད་པས་ད་ལོར་ཚོད་ལྟའི་འཁོར་སྐྱོད་ཐུབ་རེ་ཡོད་པ་རེད།

རྩེ་གྲ་ལ་བརྩོན་ལེན་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྱོང་།

སྤྱི་ཟླ4པའི30ཉིན་ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པའི་སྤྱི་གཉེར་ཁང་གསུམ་པའི་ཉག་རོང་མཚལ་རྡོའི་ལས་གཞི་པུའུ་ཡི་ཏང་ཀྲི་པུའི་ཧྲུའུ་ཅི་ཝུའེ་ཀུའེ་མིང་གིས་གངས་ལྗོངས་ཀྱི་མཚལ་རྡོའི་མཛེས་ལྗོངས་ཁུལ་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར་སླད་ཕྱིན་འདི་ནའི་མཚེའུ་དང་རི།མེ་ཏོག རྩྭ་ཐང་བཅས་ལས་ཡུལ་སྐོར་བའི་མིག་དབང་འཕྲོག་པའི་མཛེས་ལྗོངས་ཁུལ་ཞིག་ཏུ་འགྱུར་ངེས་རེད་ཅེས་ཡིད་ཆེས་ཡོད་པའི་ངང་ནས་དེ་ལྟར་བཤད།

གསར་འགོད་པས་ཡུལ་དངོས་སུ་མཛེས་ལྗོངས་མཚེའུ་ཡི་རྣམ་པ་རགས་ཙམ་ཆགས་པ་དང་བཟོ་པ་ཚོས་མཇུག་འགྲིལ་ལས་གྲྭར་བྲེལ་བཞིན་པའི་རྣམ་པ་མཐོང་བྱུང་།ཝུའེ་ཀུའེ་མིང་གིས་གསར་འགོད་པར་གངས་ལྗོངས་མཚེའུ་མཛེས་ལྗོངས་ཁུལ་བསྐྲུན་རྗེས་མཚེའུ་ཡི་རྒྱ་ཁྱོན་སྨི་གྲུ་བཞི་མ34910ཙམ་ཡོད་ཅིང་། ཉག་རོང་མཚལ་རྡོའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞིའི(དུས་ཐེངས་དང་པོ)སྤྱི་ཡོངས་ཀྱི་འཆར་འགོད་ཁྱབ་ཁོངས་སྤྱི་ལེ་གྲུ་བཞི་མ14ཙམ་དང་འཛུགས་སྐྲུན་ཐད་སྤྱོད་པའི་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ18803(ཧ་ལམ་མུའུ281.86ཙམ)ལ་ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ8871.32ལ་ཟིན། དེའི་ཁོངས་སུ་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དང་།ཏུའུ360ཡི་ཡོངས་སུ་གསལ་བའི་ལྗོངས་ལྟ་ཁང་།མཚལ་རྡོའི་ཞིབ་འཇུག་སློབ་སྦྱོང་ཉམས་ལེན་ཁང་།རི་སྐེད་ཀྱི་འཚིག་ཇ་ཁང་།གངས་ལྗོངས་མཚལ་རྡོའི་ལྗོངས་ཁུལ།མཛེས་ལྗོངས་ལྟ་སྟེགས།འབྲེང་ལམ་ས་ཚུགས།ཟམ་པ་བཞི།རིང་ཚད་སྨི2239.807ཡོད་པའི་འགྲོ་ལམ།རིང་ཚད་སྨི1925.886ཡོད་པའི་གློག་འཁོར་ལམ།རིང་ཚད་སྨི3800ཡོད་པའི་དོས་ལམ།འཇུག་སྒོ་བསྡུ་འགྲེམ་ཐང་ཆེན་།ཆུ་ལྗོངས།ལུང་ཤུར་གྱི་མཛེས་ལྗོངས།རྦབ་ཆུའི་གནས1 མཛེས་ལྗོངས་ཁུལ་གྱི་སྒོ་ཆེན།རླངས་འཁོར་དོ་དམ་ལྟེ་གནས། རིག་ལྡན་མཛེས་ལྗོངས་ཁུལ་སོགས་ཡོད་པ་རེད། ད་སྔར་ཡུལ་སྐོར་ལྟ་སྐོར་གྱི་གློག་རྫ་དང་རླངས་འཁོར་གྱི་ལམ་བུ། དེ་བཞིན་ས་རྡོའི་གཞུང་ལམ་སྤྱི་ལེ4.5བསྐྲུན་ནས་གཞུང་ལམ་གྱི་ཞོར་གཏོགས་ལས་གྲྭ་སྐྲུན་བཞིན་ཡོད། ལས་གྲྭ་དེ་ནི་ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པའི་ལས་གྲྭ་ཚད་ཡོད་སྤྱི་གཉེར་ཁང་གསུམ་པས་སྐྲུན་འགན་འཁུར་བ་དང་ད་སྔར་ཨར་ལས་ནང་ཞུགས་མཁན་མི་གྲངས200ལྷག་ལ་ཟིན།ཚོད་ལྟའི་གཉེར་སྐྱོང་གི་ཆ་རྐྱེན་གང་མགྱོགས་འཛོམས་ཆེད།སྔོན་དཔག་བྱས་ན་ཟླ་བ་གཅིག་ནང་མི400བར་མང་དུ་བཏང་ནས་སང་ལོའི་སྤྱི་ཟླ12པའི་ཚེས8ཉིན་མཇུག་འགྲིལ་རྒྱུ་རེད།

ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པའི་སྤྱི་གཉེར་ཁང་གསུམ་པའི་ལས་བཟོ་ལི་ཀྲི་མོའུ་ཡིས་ལས་དུས་དམ་འཛིན་བྱ་ཆེད།ད་ལོའི་དཔྱིད་གསར་དུས་ཆེན་ནང་ང་ཁྱིམ་དུ་འགྲོ་མེད་ཅེས་བཤད། གསར་འགོད་པས་ཀྲི་མོའུ་མཐོང་སྐབས་ལོ་ན20ལྷག་ཙམ་ལ་སོན་པའི་ཁོའི་གདོང་ལ་ཉི་མས་འཚིགས་ནས་དམར་ནག་ཏུ་གྱུར་འདུག

ན་ལོར་ལས་ཞུགས་བྱས་པ་ནས་བཟུང་ཁོས་གྲང་ངར་དང་ཉི་འོད་ཀྱིས་བརྡུངས་པའི་དཀའ་ངལ་ལ་མ་འཛེམ་པར་མཚོ་འཕགས་སྨི4000ལྷག་གི་གསོ་རླུང་མི་འདང་བའི་ཁོར་ཡུག་འོག་ཕུལ་བྱུང་ལ་བརྩོན་ལེན་བྱེད་པའི་ཁེ་ལས་ཀྱི་སྙིང་སྟོབས་ལག་ལེན་བསྟར་ཡོད།

ལི་ཀྲི་མོ་ཡིས་གསར་འགོད་པར་ངས་ཆེས་དང་ལེན་མི་ཐུབ་པ་ནི་གློག་ཆད་པ་དེ་ཡིན་ཞིང་།དྲོད་ཚད་ཀླད་ཀོར་འོག་གི་ཏུའུ20ལྷག་ཙམ་གྱི་གནམ་གཤིས་གྲང་ཤོས་ནང་གློག་མེད་པའི་མཚན་མོ་གང་འདྲ་བྱས་ཏེ་སྐྱེལ་དགོས་སམ། ལས་ཡུལ་དུ་ཟླ་གཅིག་ལྷག་ལ་གློག་ཆད་ནས་ལས་གྲྭའི་འཕེལ་རིམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།དེ་འདྲ་ཡིན་དུས་ལག་ཐོགས་ཁ་པར་གྱི་བརྡ་རྟགས་མེད་པས་ནང་མིའམ་ཡང་ན་སྤྱི་གཉེར་ཁང་གི་སྤྱི་ཁྱབ་པུའུ་དང་འབྲེལ་གཏུག་བྱ་དཀའ་བས་དཀར་མཛེས་རྫོང་དུ་བརྡ་རྟགས་འཚོལ་སར་འགྲོ་དགོས་ཤིང་། ད་ཆ་སྤྱི་གཉེར་ཁང་རང་གིས་གློག་བཏང་བ་བརྒྱུད་བརྡ་རྟགས་ཅུང་ཞན་ཡང་གནས་སྐབས་རིང་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ཐག་གཅོད་ཐུབ་བྱུང་ཞེས་བཤད།

བློ་ཐང་ནི་ཉག་རོང་རྫོང་བཞི་མདོ་ཡུལ་ཤོག་ཨ་བསྭེ་གྲོང་སྡེ་གཉིས་པའི་གྲོང་མི་ཡིན།ཁྱིམ་དུ་མི6ཡོད་པར་བྱིས་པ་གསུམ་སློབ་གྲྭར་གཏོང་བཞིན་ཡོད། ཁྱིམ་གྱི་དཔལ་འབྱོར་ཡོང་འབབ་གཙོ་བོ་ནི་ཕྱུགས་འཚོ་བ་དང་དབྱར་རྩྭ་དགུན་འབུ་སྔོག་བ། བེ་ཤ་འཐུ་བ་བཅས་ཡིན།ཁོས་ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པའི་ལས་གྲྭ་ཚད་ཡོད་སྤྱི་གཉེར་ཁང་གསུམ་པ་འཛུགས་སྐྲུན་ལ་ཞུགས་པ་ཤེས་རྗེས། རྟག་ཏུ་ཨར་ལས་བཟོ་པར་གློག་འཁོར་ལམ་དུས་ནམ་ཞིག་ལ་བསྐྲུན་ཚར་བ་རེད་ཅེས་འདྲི་རྩད་བྱེད་བཞིན་ཡོད།

བློ་ཐང་གིས་དགའ་སྤྲོའི་ངང་ནས་ལམ་དེ་ནི་མཛེས་ལྗོངས་ཁུལ་གྱི་ལམ་ཙམ་མ་ཟད།ང་ཚོའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཀྱང་ཡིན།དེ་སྔོན་གྲོང་མི་ཚོས་དབྱར་རྩྭ་དགུན་འབུ་རྐོ་སྐབས་གློག་འཁོར་ལམ་ལས་སའི་རི་བོ་ཆེན་པོ་དེ་བརྒལ་དགོས་ཀྱི་ཡོད། རི་དེར་རི་སྐྱེས་སྲོག་ཆགས་མང་བས་གྲོང་མིའི་ཚེ་སྲོག་ལ་ཉེན་ཁ་དང་འཇིགས་སྐུལ་བཟོས་མྱོང་། རི་བོ་དེ་བརྒལ་དུས་ཕྱོགས་རྐྱང་པ་ལའང་ཆུ་ཚོད་གསུམ་ལྷག་འགྲོ་དགོས་ཤིང་། དེ་སང་གློག་འཁོར་ལམ་བསྐྲུན་ཟིན་པས་འཕྲུལ་རྟ་བཞོན་ནས་འགྲོ་ན་སྐར་མ10ལྷག་ཙམ་ལས་འགོར་གྱི་མེད་པས་ཧ་ཅང་སྟབས་བདེ་འདུག་ཅེས་བཤད།

ཕྱོགས་གཅིག་གི་ཐོན་ཁུངས་གསར་སྤེལ་བྱས་ན་ཕྱོགས་དེའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཞེས་པ་ལྟར།ལས་གྲྭ་སྐྲུན་མགོ་ཚུགས་རྗེས་བློ་ཐང་འཛུགས་སྐྲུན་རྒྱུ་ཆའི་ལྟ་སྲུང་བར་བཞག་ཡོད། བློ་ཐང་གིས་ངའི་ཟླ་རེའི་གླ་ཕོགས་སྒོར3000ཡིན་པས་ན་ལོའི་སྤྱི་ཟླ11པ་ནས་ད་བར་སྒོར་ཁྲི2ཙམ་རག་བྱུང་།དེའི་ཐོག་བཟའ་ཟླས་དབྱར་རྩྭ་དགུན་འབུ་རྐོ་བ་དང་བེ་ཤ་འཐུ་ནས་ཡོང་འབབ་སྒོར་ཁྲི་ཁ་ཤས་རག་བྱུང་བས་ང་ཚོའི་ཁྱིམ་གྱི་འཚོ་བ་ཉིན་བཞིན་ཇེ་ཡག་ཏུ་ཕྱིན་སོང་ཞེས་བཤད།བཞི་མདོ་ཡུལ་ཤོག་ནི་ཉག་རོང་རྫོང་གི་ས་ཁད་མཐོ་ལ་གྲང་ངར་ཆེ་བའི་འབྲོག་ཁུལ་ཞིག་ཡིན་ཞིང་།སྔོན་ཆད་གཞུང་ལམ་མེད་པས་འཚོ་བའི་ཁོར་ཡུག་ཞན་ཏེ་གྲོང་མི་མང་ཆེ་བ་དབུལ་ཕོངས་ལས་ཐར་མ་ཐུབ།དེ་རྗེས་ཁོ་ཚོས་རྫོང་གིས་མཚལ་རྡོའི་མཛེས་ལྗོངས་ཁུལ་གསར་སྤེལ་བྱ་རྒྱུའི་གནས་ཚུལ་ཤེས་སྐབས་དེར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མཛེས་ལྗོངས་ཁུལ་སྔ་ཙམ་སྒོ་འབྱེད་ཐུབ་པའི་རེ་བ་འཆང་བཞིན་ཡོད།

ཝུའེ་ཀུའེ་མིང་གིས་གསར་འགོད་པར་ང་ཚོས་ས་གནས་དེ་གའི་གྲོང་སྡེའི་བྱེད་སྒོ་སྤེལ་ཁང་དེ་ལས་གཞི་པུའུ་བྱས་ནས་ཁོ་ཚོར་གླ་ཆ་སྤྲོད་བཞིན་ཡོད། དངོས་ཟོག་དང་འཕྲུལ་ཆས་སོགས་རྒྱུ་ཆས་ཚང་མ་ས་གནས་དེ་གའི་མི་ཚོར་ཉོ་སྒྲུབ་བྱས་བཅུག་ནས་ཁོ་ཚོའི་ཁྱིམ་ཚང་གི་དཀའ་ངལ་ཐག་གཅོད་བྱས་ཡོད།ད་སྔའི་བར་ལས་ཞུགས་ལས་གནས20ལྷག་ཙམ་མཁོ་འདོན་བྱས་པ་དང་ལས་གྲྭའི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་ཆབས་ཅིག རྗེས་མཐུད་དུ་ད་དུང་ལས་ཞུགས་ལས་གནས་མང་དུ་གཏོང་རྒྱུ་ཡིན་ཞེས་བཤད།

ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལ་སླར་ཡང་མིང་བྱང་གསར་པ་སྣོན།

ཉག་རོང་མཚལ་རྡོའི་མཛེས་ལྗོངས་ཁུལ་ནི་མཚོ་བོད་མཐོ་སྒང་དུ་ཤེས་རྟོགས་བྱུང་བའི་ས་ཁོངས་རྒྱ་ཆེ་ཤོས་དང་བརྗིད་ཉམས་ཆེ་ཤོས་ཀྱི་མཚལ་རྡོའི་མཛེས་ལྗོངས་ཁུལ་ཞིག་ཡིན་ཞིང་།མཛེས་ལྗོངས་ཀྱི་རྒྱུ་ཆ་ཆ་ཚང་བ་དང་།སྐྱེ་འཚར་ཆ་ཚང་བ།སྡེབ་སྒྲིག་ལེགས་པ་ཞིག་ཡིན། མཚལ་རྡོའི་རྣམ་པ་འདྲ་མིན་ཡོད་པ་དང་ཁ་བ་ལུང་རི་དང་ཕན་ཚུན་འོད་མདངས་ཀྱིས་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་ཡིན་པ་དེ་ནི་འཛམ་གླིང་ས་གཤིས་ཀྱི་ངོ་མཚར་མཛེས་ལྗོངས་ཤིག་རེད་ཅེས་བརྗོད་ཆོག

སྤྱི་ཟླ4པའི་ཚེས30ཉིན་ཉག་རོང་མཚལ་རྡོའི་མཛེས་ལྗོངས་ཁུལ་དུ་ཧྲང་ཧའེ་ནས་ཡོང་པའི་སྐུ་ཞབས་ཝང་ལགས་ཀྱིས་གསར་འགོད་པར་མཛེས་ལྗོངས་ཁུལ་དེ་ད་དུང་དངོས་སུ་གཉེར་སྐྱོང་བྱས་མེད་པས་ང་ཚོས་འདིར་ཡོང་དུས་ལམ་བུའི་ཐོག་མཚོན་རྟགས་དང་ལམ་རྟགས་སོགས་གང་ཡང་སྒྲིག་བཀོད་བྱས་མི་འདུག ང་ཚོས་དྲྭ་ཐོག་ཏུ་འདི་ན་མཚལ་རྡོའི་མཛེས་ལྗོངས་ཁུལ་ཞིག་ཡོད་པར་ཤེས་རྗེས་གཞི་ནས་འདིར་ཡོང་བ་ཡིན་ཞེས་བཤད།

སྐུ་ཞབས་ཝང་ལགས་ཀྱིས་གསར་འགོད་པར་ད་ཐེངས་ང་ཚོ་འདིར་ཡོང་མི་བཞི་ཡོད་པར་ཆ་སྙོམས་ལོ་གྲངས65ཡན་ཡིན། ལ་ལས་ཉེན་རྟོག་པའི་ལས་ཀ་བྱེད་མྱོང་ལ་འགའ་ཞིག་རྒྱལ་ཁབ་ཀྱི་གཞུང་ལས་པ་དང་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་ཡང་བྱས་མྱོང་། ང་ཚོས་ལས་འཁྱུར་ངལ་སོལ་བྱས་རྗེས་འཛམ་གླིང་ས་ཕྱོགས་སོ་སོར་བསྐྱོད་དེ་གདོད་མའི་མཛེས་ལྗོངས་ཁུལ་དུ་བསྐྱོད་ནས་རང་བྱུང་ཁམས་ལ་ལྟ་རྒྱུར་དགའ་པོ་ཡོད་ཅེས་བཤད། ང་ཚོས་ཧྲང་ཧའེ་ནས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་བསྐྱོད་རྗེས་བྱེས་བགྲོད་རླངས་འཁོར་གཡར་ནས་ཉག་རོང་རྫོང་དུ་ཡོང་བ་ཡིན། དེ་གར་ས་བབ་ཧ་ཅང་མཐོན་པོ་ཡོད་མོད།འོན་ཀྱང་མཚལ་རྡོའི་མཛེས་ལྗོངས་ཁུལ་དང་གདོད་མའི་ནགས་ཚལ་གྱིས་ང་ཚོར་སེམས་པ་གསོས་སོང་། ང་ཚོར་སྤྲོ་སྣང་འཕེལ་བཅུག་བྱུང་། ས་གནས་དེ་གས་མཛེས་ལྗོངས་ཁུལ་གསར་སྤེལ་བྱེད་སྐབས་ཡུལ་སྐོར་བའི་སྐྱིད་སྣང་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད།གདོད་མའི་སྐྱེ་ཁམས་ལའང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་རེ་བ་ཡོད་ཅེས་བཤད།

ཁུལ་རིག་གནས་ཡུལ་སྐོར་ཚོགས་པ་དང་ཉག་རོང་མཚལ་རྡོའི་མཛེས་ལྗོངས་ཁུལ་གྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝུའེ་དབྱང་གིས་སྐུ་ཞབས་ཝང་སོགས་ཀྱི་གྲོས་མགོ་ལ་ཉན་འཇོག་ནན་ཏན་བྱས་པ་དང་འབྲེལ་སྐུ་ཞབས་ཝང་ལགས་སོགས་པར་མཚལ་རྡོའི་མཛེས་ལྗོངས་ཁུལ་ནི་བྱང་ལམ་ས་ཁུལ་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འདེགས་སྐྱོར་རང་བཞིན་གྱི་མཛེས་ལྗོངས་ཁུལ་ཞིག་ཡིན། མཛེས་ལྗོངས་ཁུལ་དེ་གེ་སར་གནམ་གྲུ་ཐང་དང་སྤྱི་ལེ32ལས་མི་རྒྱང་བ་དང་སླད་ཕྱིན་ཁྲེང་ཏུའུ་ནས་ཐད་ཀར་གནམ་གྲུར་བསྡད་དེ་ཡོང་ན་ཧ་ཅང་སྟབས་བདེ་པོ་རེད་ཅེས་བཤད།

ཝུའེ་དབྱང་གིས་ན་ནིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞིབ་འཇུག་བྱས་ནས་མོས་མཐུན་བྱས་པ་བརྒྱུད་ཁུལ་རིག་གནས་ཡུལ་སྐོར་ཚོགས་པས་ཉག་རོང་རྫོང་དང་མཉམ་འབྲེལ་བྱས་ཏེ་མཚལ་རྡོའི་མཛེས་ལྗོངས་ཁུལ་ཐུན་མོང་ཐོག་གསར་སྤེལ་བྱས་པ་དེ་ནི་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་དམིགས་ཡུལ་ལ་སྐུལ་འདེད་གཏོང་བའི་ཡུལ་སྐོར་གསར་སྤེལ་གལ་ཆེན་གཞན་ཞིག་ཡིན་པ་དང་དེ་ནི་ཁམས་བྱང་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་དགོས་མཁོ་ཞིག་རེད་ཅེས་གསར་འགོད་པར་བཤད།ད་སྔར་ཁམས་བྱང་ས་ཁུལ་དུ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་གཙོ་བོར་བྱེད་པ་དང་ལྟེ་བའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་དཀོན་པ་དང་།ཡུལ་སྐོར་གྱི་རྨང་གཞི་ཞན་པ།ས་ཁོངས་ཀྱི་འགྲན་རྩོད་ནུས་པ་ཆེན་པོ་མེད་པ་བཅས་རེད། ཉག་རོང་མཚལ་རྡོའི་མཛེས་ལྗོངས་ཁུལ་དེ་རང་ཁུལ་གྱི་དབུས་རྒྱུད་དུ་གནས་པ་དང་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཁུལ་དང་རང་ཁུལ་གྱི་མཐའ་གསུམ་དང་འདམ་ར་གཉིས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀོད་སྒྲིག་ཁྲོད་གལ་འགངས་ཆེན་པོ་ལྡན་པས་དེ་ཉིད་ཁམས་བྱང་ས་ཁུལ་གྱི་ཁུ་ཚུར་ཡུལ་སྐོར་ཐོན་རྫས་ཤིག་ཏུ་གཏོད་དགོས་ངེས་རེད། མཚལ་རྡོའི་མཛེས་ལྗོངས་ཁུལ་བསྐྲུན་ཟིན་ནས་ལས་གཉེར་བྱེད་མགོ་ཚུགས་རྗེས་དཀར་མཛེས་གེ་སར་མཁར་རྫོང་དང་དེ་བཞིན་སེར་ཐར་དང་སྡེ་དགེ དཔལ་ཡུལ།སེར་ཤུལ་བཅས་ཀྱི་མཛེས་ལྗོངས་ཁུལ་དང་སྤྱི་ཚོགས་རིག་གནས་སོགས་མཉམ་འགུལ་འཕེལ་རྒྱས་ཡོང་རྒྱུ་དང་།ཁམས་བྱང་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ལ་རང་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད།བྱང་རྒྱུད་བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་དོ་སྙོམས་མེད་པའི་གནས་བབ་ཀྱང་ལེགས་སུ་འགྲོ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཉག་རོང་མཚལ་རྡོའི་མཛེས་ལྗོངས་ཁུལ་དེ་རྒྱལ་ལམ317མཛེས་ལྗོངས་ལམ་ཆེན་དང་དཀར་མཛེས་རྫོང་གྲོང་དང་བར་ཐག་ཉེ་ལ།རང་ཁུལ་གྱི་ལྷོ་རྒྱུད་དང་བྱང་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་དང་སྦྲེལ་བའི་གནས་གལ་ཆེན་ཞིག་ཀྱང་ཡིན་པས།ས་བབ་དང་འགྲིམ་འགྲུལ་ཆ་རྐྱེན་གྱིས་མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་དང་ཡུལ་སྐོར་བར་ཕན་པ་ཆེན་པོ་ཐོབ་ཡོད། མཛེས་ལྗོངས་ཁུལ་བསྐྲུན་ཟིན་རྗེས་ཉིན་རེར་མི་ཐེངས8000ལ་སྣེ་ལེན་ཞུས་ནས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི169ལ་སྣེ་ལེན་ཞུ་ཐུབ་རྒྱུ་དང་།རང་ཁུལ་དང་རྔ་བ། ཡུན་ནན་བཅས་ཁུལ་ནས་ཐོན་ཏེ་གཞུང་ལམ་ཤར་གཏོང་ཐུབ་ནས་སི་ཁྲོན་དང་།ཁྲུང་ཆིང་།ཡུན་ནན་བཅས་ཀྱི་འགྲུལ་ཁུངས་གཙོ་བོ་དང་སྦྲེལ་མཐུད་ཐུབ་པའི་ཡུལ་སྐོར་བགྲོད་ལམ་ཆེན་པོ་དང་ཡུལ་སྐོར་དཔལ་འབྱོར་གླིང་ཁུལ་གསར་པ་ཞིག་ཆགས་རྒྱུ་རེད།

ཉག་རོང་རྫོང་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲོའུ་ཆོན་གྱིས་ཉག་རོང་མཚལ་རྡོའི་མཛེས་ལྗོངས་ཁུལ་གསར་སྤེལ་བྱས་ན་ཡུལ་སྐོར་གྱི་ཐོན་ཁུངས་ཟད་གྲོན་ཆུང་བ།སྐུལ་ཁྲིད་བཏགས་གྲངས་ཆེ་བ།ལས་ཞུགས་གཤོང་ཁྱོན་ཆེ་བ།ཕྱོགས་བསྡུས་ཕན་འབྲས་མཐོ་བ་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་ཐུབ། འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་།ཡུལ་དེ་གའི་མང་ཚོགས་ཡུལ་སྐོར་གཉེར་སྐྱོང་དང་།ཞབས་ཞུ།ལས་ཞུགས་བཅས་ནང་ཐད་ཀ་དང་ཡང་ན་གཞན་བརྒྱུད་ངང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་ཡུལ་སྡེ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་བྱ་རྒྱུ་སྲ་བརྟན་དུ་གཏོང་བ།ས་ཁོངས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ།དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ།དམངས་འཚོ་ལེགས་བཅོས།མི་རིགས་རིག་གནས་དར་རྒྱས་བཅས་ཡོང་བ་བྱ་དགོས་ཞེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་རི་ཀླུང་ཡུལ་སྐོར་དུས་ཆེན་སྐབས་དྲུག་པའི་གྲ་སྒྲིག
  • ལེ་ཚན་རྗེས་མ།:དར་མདོའི་བཞི་པའི་རི་འཛེག་དུས་ཆེན་གྱི་ལྟད་མོ་ཡག་ཐལ།
  • དོ་སྣང་ཆེ་བའི་རྩོམ།