རྒྱ་རིགས་དང་བོད་རིགས་ཨ་མ་གཅིག་གི་བུ་མོ།

ཀུན་དགའ་བསམ་གཏན་གྱིས་བསྒྱུར།        2021-04-26

《ཨ་མ་གཅིག་གི་བུ་མོ།》

གླུ་ཚིག།

ཉི་མ་དང་ཟླ་བ་ཨ་མ་གཅིག་གི་བུ་མོ།

ཁོང་ཚོའི་ཨ་མ་ལ་འོད་ཟེར་ཟེར་འོད་ཟེར་ཟེར།

ཉི་མ་དང་ཟླ་བ་ཨ་མ་གཅིག་གི་བུ་མོ།

ཁོང་ཚོའི་ཨ་མ་ལ་འོད་ཟེར་ཟེར་འོད་ཟེར་ཟེར།

ཨ། བོད་རིགས་དང་རྒྱ་རིགས་ཨ་མ་གཅིག་གི་བུ་མོ།

ང་ཚོའི་ཨ་མ་ལ་ཀྲུང་གོ་ཟེར། ང་ཚོའི་ཨ་མ་ལ་ཀྲུང་གོ་ཟེར།

ཉི་མ་དང་ཟླ་བ་ཨ་མ་གཅིག་གི་བུ་མོ།

ཁོང་ཚོའི་ཨ་མ་ལ་འོད་ཟེར་ཟེར་འོད་ཟེར་ཟེར།

ཉི་མ་དང་ཟླ་བ་ཨ་མ་གཅིག་གི་བུ་མོ།

ཁོང་ཚོའི་ཨ་མ་ལ་འོད་ཟེར་ཟེར་འོད་ཟེར་ཟེར།

ཨ། བོད་རིགས་དང་རྒྱ་རིགས་ཨ་མ་གཅིག་གི་བུ་མོ།

ང་ཚོའི་ཨ་མ་ལ་ཀྲུང་གོ་ཟེར། ང་ཚོའི་ཨ་མ་ལ་ཀྲུང་གོ་ཟེར།

ང་ཚོའི་ཨ་མ་ལ་ཀྲུང་གོ་ཟེར།

གླུ་ཚིག་བརྩམས་པའི་ལོ་རྒྱུས།

སྤྱི་ལོ1989ལོར་ཚེ་བརྟན་སྒྲོལ་མ་དང་སྐད་གྲགས་མཚུངས་པའི་བོད་ཀྱི་གླུ་མ་རབས་དང་པོ་གཡང་སྐྱིད་ཀྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཞས་གདངས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཞོར་ཕོགས་རག་མཁན། ཁུལ་གླུ་གར་ཚོགས་པའི་རྫོང་རིམ་པའི་སྒྱུ་རྩལ་ཁྲིད་སྟོན་པ་ཨ་རྒྱལ་ལ་དམག་འགྲུལ་རྩོམ་པ་པོ་གྲགས་ཅན་དང་སྙན་ངག་པ་དབྱང་ཞིང་ཧོས་གླུ་ཚིག་བརྩམས་པའི་གླུ《ཨ་མ་གཅིག་གི་བུ་མོ》ཞེས་པ་དེ་ཕུལ་ནས་གླུ་འདི་ལ་མོ་རང་གི་ངག་གདངས་དང་འཚམ་པའི་གཞས་གདངས་བརྩམ་དགོས་པའི་རེ་བ་ཞུས། གཡང་སྐྱིད་ནི་གླུ་མ་ཧན་ཧུང་གི་ཨ་མ་རེད། དར་མདོར་བསླེབས་རྗེས། ཨ་རྒྱལ་གྱིས་གཞས་གདངས་རྩོམ་སྔ་མ་བྱས་ནས་སྔོན་ལ་ལོ་ཙཱ་བྱས་པའི་བོད་ཡིག་གི་གླུ་ཚིག་སེམས་ལ་ངེས་པར་བྱས། ཨ་ཅན་གྱིས་གླུ་འདི་རྒྱ་ཡིག་གིས་བྲིས་པ་ཡིན་མོད། འོན་ཀྱང་བོད་ཀྱི་དམངས་གཞས་ཀྱི་བྲིས་རྩལ་ཀྱི་ཁྱད་ཆོས་ཆེན་པོ་ཡོད་པ་དང་། འགྱུར་ཡིག་འབྲེལ་ཆགས་ཤིང་འདོན་སླ་བ་ཡིན་པ་ཤེས་པས། ཁོང་གིས་གླུ་འདིར་བོད་ཀྱི་རོལ་དབྱངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་ཞིག་བཟོ་ཐུབ་པའི་ཆེད་དུ་སྔོན་ལ་བོད་ཡིག་གི་གླུ་ཚིག་ལ་བརྟེན་ནས་གཞས་གདངས་བརྩམ་པ་ཐག་བཅད་པ་རེད།

བསམ་ཚུལ་དེ་ཡོད་དུས་ཨ་ཅན་གྱིས་དེར་ནམ་ཡང་མནོ་བསམ་གཏང་རྒྱུ་མི་བརྗེད་ཅིང་། ཟླ་བ་གཉིས་ལྷག་བརྒལ་རྗེས། ཁོང་ལྕགས་ཟམ་ཁར་བཅར་འདྲིར་སོང་ནས་གསར་རྩོམ་ལས་ལ་གཞོལ་པ་དང་། ཉིན་ཞིག་གི་ཞོགས་པར་མལ་ལས་སད་པ་དང་དྲན་ལམ་དུ《ཨ་མ་གཅིག་གི་བུ་མོ》ཡི་གཞས་གདངས་དང་པོ་དེ་ཀློང་དུ་བརྡོལ། ཁོང་གིས་གོས་ཀྱང་གྱོན་ཁོམ་མེད་པར་ཤོག་གུ་དང་སྨྱུ་གུ་ཁུར་ནས་འབྲི་མགོ་ཚུགས་པ་དང་། དུས་ཡུན་སྐར་མ5ལས་མ་འགོར་བར་བྲིས་ཐེངས་གཅིག་གིས《ཨ་མ་གཅིག་གི་བུ་མོ》ཡི་གཞས་གདངས་རྩོམ་མཇུག་བསྒྲིལ། ཁོང་དགའ་ཐག་ཆོད་ནས་གླུ་འདི་གསར་རྩོམ་པ་གཞན་དག་ལ་ལེན་པའི་ཚེ། ཁུལ་གླུ་གར་ཚོགས་པའི་རྩོམ་སྒྲིག་འཁྲབ་ཁྲིད་པ་བློ་གྲགས་ཀྱིས་དགའ་སྤྲོ་ཆེན་པོས་ཨ་ཅན་ལགས། ཁྱེད་ཀྱི་གཞས་གདངས་འདི་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་འགྲོ་ངེས་རེད་ཅེས་བཤད་པ་རེད།

གླུ་འདི་ཁུལ་གླུ་གར་ཚོགས་པའི་གཞོན་ནུ་གླུ་མ་སྐལ་བཟང་སྒྲོལ་མས་བླངས་རྗེས། ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་ཁྲེང་ཏུའུ་ཡན་ལག་ཚོགས་རའི་འཁྲབ་སྟོན་ལེ་ཚན་དུ་བདམས་ཡོད། 1990ལོར་སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དུས་ཆེན་ཐེངས་དང་པོའི་ཐོག་ཏུ་བྱ་དགའ་ཐོབ་པ་དང་། སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཐེབས་རྩའི་བྱ་དགའ་ཐེངས་དང་པོའི་བྱ་དགའ་ཆེས་བཟང་བ་ཐོབ། དེའི་རྗེས་སུ་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རླུང་འཕྲིན་གླུ་གསར་དཔྱད་འདེམས་སུ་བདམས་པ་དང་འབྲེལ་གཞས་གདངས་རྩོམ་མཁན་དང་གླུ་ལེན་མཁན་གྱི་པར་རིས་ཀྱང་བཀོད་པ་རེད། 1995ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ། རྒྱལ་ཁབ་སྤྱི་ཁྱབ་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་བྱས་ནས་འཛུགས་གཉེར་བྱེད་པའི་བདུན་གཅིག་ལ་བསྟོད་པ་ཞེས་པའི་ཏང་བཙུགས་ནས་ལོ74འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་དང་བོད་རང་སྐྱོང་ལྗོངས་བཙུགས་ན་ལོ30འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་སུ 《ཨ་མ་གཅིག་གི་བུ་མོ》ཞེས་པའི་གླུ་དབྱངས་བླངས་པ་རེད། 1996ལོར་རྒྱལ་ཡོངས་ཀྱི་གཅིག་ཅན་ལྔའི་ལས་གྲྭའི་བྱ་དགའ་ཐོབ་པ་དང་འབྲེལ་གཅིག་ཅན་ལྔའི་ལས་གྲྭའི་བྱ་དགའ་སྤྲོད་པའི་དགོང་ཚོགས་སུ་བྱ་དགའ་ཐོབ་པའི་གླུ་དབྱངས་ཀྱི་ཡ་གྱལ་དུ་བརྩིས་ནས་ཚེ་བརྟན་སྒྲོལ་མ་ཆེད་དུ་གདན་འདྲེན་ཞུས་ནས་གླུ་ལེན་དུ་བཅུག་པ་རེད། སྐབས་དེར་བྱ་དགའ་ཐོབ་པའི་གླུ་དབྱངས་བཞི་ལས་བདམས་མེད། 《མི་དམངས་ཉིན་རེའི་ཚགས་པར》གྱིས་ཏང་གི་ལས་བྱེད་པ་བཟང་པོ་ཁུང་ཧྥན་ཧྲེན་གྱི་བྱས་རྗེས་བཀོད་པའི་རྩོམ་ཡིག་ཁྲོད་དུ《ཨ་མ་གཅིག་གི་བུ་མོ》གླུ་ཚིག་ཆ་ཚང་དྲངས་ཡོད་པར་མ་ཟད། ད་དུང་གླུ་དེ་ནི་ཁུང་ཧྥན་ཧྲེན་གྱིས་ཆེས་དགའ་བའི་གླུ་ཞིག་ཡིན་པ་ངོ་སྤྲོད་བྱས་ཤིང་། གླུ་ཚིག་ནང་གི་བོད་རིགས་དང་རྒྱ་རིགས་ཨ་མ་གཅིག་གི་བུ་མོ་ཡིན་ཞེས་པ་དེ《མི་དམངས་ཉིན་རེའི་ཚགས་པར》གྱི་དཔྱད་བརྗོད་པའི་རྩོམ་ཡིག་གི་ཁ་བྱང་དུ་བཞག་ནས་བཀོད་ཡོད་པ་རེད།

རྩོམ་པ་པོ་དང་གླུ་ཐོག་མ་ལེན་མཁན་གྱི་ངོ་སྤྲོད་མདོར་བསྡུས།

དབྱང་ཞིང་ཧོ་ནི་སྙན་ངག་པ་ཡིན་ཞིང་། 1925ལོའི་ཟླ་བ9པར་སི་ཁྲོན་ཝེ་ཡོན་རྫོང་དུ་སྐྱེས། ཆུང་དུས་ནས་ཁྱིམ་ཚང་སློབ་གསོ་ཡག་པོ་ཐོབ་མྱོང་། 1949ལོར་མིང་གོ་རྒྱལ་འཛུགས་ཀྲུང་དབྱང་སློབ་ཆེན་རྫས་འགྱུར་ཨར་ལས་རིག་པའི་ཚན་ཁག་ནས་སློབ་མཐར་ཕྱིན་ཡོད། དེ་ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནང་ཞུགས། 1954ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། བྱེས་འཐབ་དམག་གཉིས་པ་དང་ལྷོ་ནུབ་དམག་ཁུལ་ཆབ་སྲིད་པུའུ་ཡི་རིག་རྩལ་ཚོགས་པའི་ཚོགས་མི་དང་། ཁྲེང་ཏུའུ་དམག་ཁུལ་དང་བོད་ལྗོངས་དམག་ཁུལ་ཆབ་སྲིད་པུའུ་ཡི་གསར་རྩོམ་བ། 《མཐོ་སྒང་གི་འཐབ་འཛིང་པའི་ཚགས་པར》གྱི་རྩོམ་སྒྲིག་པ་བཅས་ཀྱི་འགན་བཞེས་མྱོང་ཞིང་། བོད་ལྗོངས་སུ་ལོ20དམག་ཁོངས་སུ་ཞུགས་མྱོང་བ་དང་། ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་རང་སྲུང་ཕས་རྒོལ་འཐབ་འཛིང་སོགས་ཀྱི་དམག་འཐབ་ལ་ཞུགས་མྱོང་། སྙན་ངག་དང་ལྷུག་རྩོམ་ཕྱོགས་བསྒྲིགས10བརྩམས་ཡོད་ཅིང་། དེའི་བརྩམས་ཆོས་དམག་ཕྱི་ནང་དུ་བྱ་དགའ་ཆེན་པོ་མང་པོ་རག་མྱོང་ལ། 《ཨ་མ་གཅིག་གི་བུ་མོ》ཡི་གླུ་ཚིག་དེ་ཨ་རྒྱལ་གྱིས་གཞས་གདངས་བརྩམས་རྗེས་རྒྱ་ཁྱབ་ཏུ་བརྒྱུད་ལེན་བྱས་ཤིང་མི་རབས་མང་པོ་ལ་ཤུགས་རྐྱེན་ཐེབས་ཡོད།

ཨ་རྒྱལ་ནི་སི་ཁྲོན་ཕྱག་ཕྲེང་རྫོང་གི་མི་ཡིན་ཞིང་། 1958ལོར་ལས་ཀར་ཞུགས། 1960ལོར་སི་ཁྲོན་རོལ་དབྱངས་སློབ་གླིང་མི་རིགས་རོལ་ཆས་འཛིན་གྲྭ་ནས་སློབ་མཐར་ཕྱིན། 1982ལོར་ཀྲུང་དབྱང་མི་རིགས་སློབ་གླིང་སྒྱུ་རྩལ་ཚན་ཁག་གི་གཞས་གདངས་རྩོམ་མཁན་འཛིན་གྲྭ་ནས་སློབ་མཐར་ཕྱིན་པ་དང་། ད་ཆ་དཀར་མཛེས་ཁུལ་གླུ་གར་ཚོགས་པའི་རྫོང་རིམ་པའི་སྒྱུ་རྩལ་ཁྲིད་སྟོན་པ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཞས་གདངས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཞོར་ཕོགས་རག་མཁན་གྱི་ཆེད་རམས་པ་ཡིན། དུས་རབས་གོང་མའི་ལོ་རབས80པ་ནས་བཟུང་ཨ་རྒྱལ་གྱིས་རོལ་དབྱངས་བརྩམས་ཆོས་བརྒྱ་ལྷག་གསར་རྩོམ་བྱས་པ་དང་བརྩམས་ཆོས30ལྷག་ལ་ཞིང་ཆེན་རིམ་པ་ཡན་གྱི་བྱ་དགའ་ཐོབ་ཡོད། དེའི་ནང་རྒྱལ་ཁབ་རིམ་པའི་བྱ་དགའ7དང་། ཞིང་ཆེན་རིམ་པའི་བྱ་དགའ་ཨང་དང་པོ5དང་། བྱ་དགའ་ཨང་གཉིས་པ6དང་། བྱ་དགའ་ཨང་གསུམ་པ15བཅས་ཡོད་པ་རེད། 1996ལོར།《ཨ་མ་གཅིག་གི་བུ་མོ》ལ་རྒྱལ་ཡོངས་ཀྱི་གཅིག་ཅན་ལྔའི་ལས་གྲྭའི་བྱ་དགའ་ཐོབ་པ་དང1999ལོར་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ལེ་ཚན་ཕུལ་བྱུང་དཔྱད་བསྡུར་སྐབས་གསུམ་པའི་གསེར་གྱི་བྱ་དགའ་ཐོབ་པ་རེད།

རྒྱལ་ཡོངས་ཀྱི་གཅིག་ཅན་ལྔའི་ལས་གྲྭའི་བྱ་དགའ་ཐོབ་མཁན་དང་། གླུ་གཞས《ཨ་མ་གཅིག་གི་བུ་མོ》ཐོག་མ་ལེན་མཁན་གླུ་མ་སྐལ་བཟང་སྒྲོལ་མ་ནི་ད་ལྟ་ཁུལ་གླུ་གར་ཚོགས་པའི་སྒྲ་དབྱངས་རུ་ཁག་གི་རུ་དཔོན་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ། སི་ཁྲོན་ཞིང་ཆེན་གྱི་བྱས་རྗེས་མངོན་གསལ་ཅན་གྱི་ཆེད་རམས་པ་ཕུལ་བྱུང་བཅས་ཀྱི་འགན་བཞེས་བཞིན་ཡོད། སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་རིག་རྩལ་ཐེབས་རྩ་ལྷན་ཚོགས་ཀྱི་གླུ་ལེན་བྱ་དགའ་ཆེས་བཟང་བ་ཐོབ་ཡོད། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པའི་གླུ་ལེན་བྱ་དགའ་ཨང་དང་པོ་ཐོབ་ཡོད། སི་ཁྲོན་ཞིང་ཆེན་གྱི་གཞོན་ནུ་ཕུལ་བྱུང་བཅུའི་མཚན་སྙན་ཐོབ་པ་དང་། མི་རིགས་ཀྱི་གླུ་གར་ཆེ་གྲས《ཚོན་མདངས་རྣམ་པར་བཀྲ་བའི་ཁྲེང་ཏུའུ》ཞེས་པའི་འཁྲབ་སྟོན་ལ་ཞུགས་ནས་གསེར་གྱི་བྱ་དགའ་ཐོབ་ཡོད། སི་ཁྲོན་ཞིང་ཆེན་གྱི་སྒྲ་དབྱངས་ཚན་སྡེབ་འགྲན་བསྡུར་ཆེན་མོ་སྐབས་དང་པོའི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད། ཧན་གོ་རུ་འཛམ་གླིང་རིག་གནས་གསར་སྤེལ་ཚོགས་ཆེན་ལ་ཞུགས་ནས་འཛམ་གླིང་ཞི་བདེའི་བྱ་དགའ་ཐོབ་ཡོད། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་གྱི་འཁྲབ་སྟོན་བྱ་དགའ་ཨང་གཉིས་པ་ཐོབ་ཡོད་དོ།། ཕ་ན་མ་དང་། མོ་ཞི་ཁོ། སིང་ཀ་ཕོར། ཧན་གོ། མ་ལེ་ཞི་ཡ། ལྗར་པན་སོགས་རྒྱལ་ཁབ་དང་ཞང་ཀང་དང་ཐའེ་ཝན་དུ་ཐེངས་མང་གདན་དྲངས་ནས་འཁྲབ་སྟོན་བྱས་པ་རེད། ཁོང་གིས་ཐོག་མར་བླངས་པའི《ཨ་མ་གཅིག་གི་བུ་མོ》ཞེས་པ་དེ་རྒྱལ་ཡོངས་ཀུན་ཏུ་ཁྱབ་ཡོད། སྐལ་བཟང་སྒྲོལ་མས་ད་དུང་འཇམ་དབྱངས་སྒྲོལ་མ་དང་། ཚེ་རིང་ཆོས་མཚོ། སྤང་རྒྱན་མེ་ཏོག་ཚན་སྡེབ། བསོད་ནམས་ནོར་བུ་སོགས་བོད་རིགས་ས་ཁུལ་དང་ཐ་ན་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་ན་གཞོན་གླུ་མ་གླུ་པ་ཁག་གཅིག་ཁྲིད་སྟོན་གསོ་སྦྱོང་བྱས་ཡོད་དོ།།

རྒྱ་རིགས་དང་བོད་རིགས་ཨ་མ་གཅིག་གི་བུ་མོ།

ཀ། ཏང་གི་བཀའ་དྲིན་ལས།

ཡིག་རྨོངས་པ་ཞིག་ནས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣར་གྱུར།

ཝང་གཡུ་སྒྲོན་གྱི་ཕ་ཝང་པུའུ་ཡུན་ནི་སྔོན་ཆད་རྒྱལ་དམངས་སྲིད་གཞུང་གི་དཔོན་རིགས་ཤིག་ཡིན་ཞིང་།ལྗར་འགོག་དམག་འཁྲུག་ལས་རྒྱལ་ཁ་ཐོབ་རྗེས། ཁོས་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་ཚོར་ཏེ་རྒྱལ་དམངས་སྲིད་གཞུང་ནས་ལས་གནས་རྩ་དགོངས་ཞུས་ཤིང་། དེའི་རྗེས་ཁོ་དཀར་མཛེས་དང་སྡེ་དགེ།ཉག་རོང་།དར་མདོ་སོགས་སུ་ཡུལ་སྐོར་བསྐྱོད་པའི་སྐབས་སུ་གུང་ཁྲན་ཏང་ཁོ་ནས་བོད་རིགས་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཐུབ་པའི་ངོས་འཛིན་བྱུང་བ་རེད།

1951ལོར་བརྒྱད་ཟིལ་རྫོང་ཞི་བས་བཅིངས་འགྲོལ་གཏོང་བའི་སྐབས་སུ་ཝང་པུའུ་ཡུན་གྱིས་ཁྱིམ་མི་ཁྲིད་ནས་བཅིངས་འགྲོལ་དམག་རྫོང་མཁར་དུ་ཡོང་བར་དགའ་བསུ་བྱས་མྱོང་བ་རེད།ཝང་གཡུ་སྒྲོན་གྱིས་དེའི་སྐབས་སུ་གསར་དུ་འཛུགས་པའི་མི་དམངས་སྲིད་དབང་ལ་མི་རིགས་ཀྱི་ལས་བྱེད་པ་འབོར་ཆེན་ཞིག་དགོས་བཞིན་ཡོད་པར་བརྟེན། 1953ལོར་ང་རང་ལོ་ན18ཐོག་དར་མདོའི་མི་རིགས་སློབ་གྲྭར་སློབ་སྦྱོང་དུ་བཏང་ཡོད། ཨ་ཕས་ངས་རྒྱུགས་འཕྲོད་པ་ཤེས་རྗེས་དགའ་སྤྲོ་ཆེན་པོས་ང་ལ་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས་བརྒྱད་ཟིལ་གྱི་མང་ཚོགས་དབུལ་ཕོངས་ལ་ཞབས་འདེགས་ཞུ་དགོས་ཞེས་བཀའ་སློབ་གནང་མྱོང་ཞེས་བཤད་པ་རེད།

དེའི་སྐབས་སུ་དར་མདོར་འགྲོ་སྐབས་ར་མཐིལ་ལ་བརྒྱུད་དགོས་ཀྱི་ཡོད།ཁ་བ་ཆེ་བས་འགྲོ་ཧ་ཅང་དཀའ། གནམ་རུབ་དུས་ང་ཚོ་བྲག་ཕུག་གམ་རྡོ་ཆེན་གྱི་འོག་ཏུ་འཁུམས་ནས་བསྡད་དགོས་པ་ལས་མེ་ཁ་གསོ་ཐབས་བྲལ། ལྟོགས་ན་མོག་མོག་འཁྱག་པའི་བཟས། སྐོམ་ན་ཁ་བ་སྦར་གང་འགམས་པའི་དཀའ་སྡུག་གི་འཚོ་བ་མྱངས་མྱོང་།དེའི་དུས་བརྒྱད་ཟིལ་ནས་དར་མདོའི་བར་འགྲོ་དུས་ཉིན་བརྒྱད་ཙམ་འགོར་གྱི་ཡོད།ང་སློབ་མཐར་ཕྱིན་ནས་ཁྱིམ་དུ་ལོག་རྗེས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་ལས་བགོས་བྱས་བྱུང་ཞེས་ངོ་སྤྲོད་བྱས་པའི་ཚུལ་དུ་དེ་ལྟར་བཤད་པ་རེད།

ཨ་ཕས་ནམ་རྒྱུན་ཝང་གཡུ་སྒྲོན་ལ་ཞིང་འབྲོག་མང་ཚོགས་ལ་རིག་གནས་ཡོད་ལེ་མ་རེད། ཁྱོད་ནི་ཏང་གི་ལས་བྱེད་པ་ཡིན་པས་མང་ཚོགས་ལ་ཏང་གི་སྲིད་ཇུས་དྲིལ་བསྒྲགས་མང་ཙམ་བྱས་ནས་ཁོ་ཚོས་ཏང་ལ་བརྩི་བཀུར་ཞུ་བ་དང་ཏང་གི་རྗེས་སུ་འབྲང་དུ་འཇུག་དགོས་ཞེས་བསླབ་བྱ་གནང་། ཨ་ཕའི་སློབ་གསོའི་རོགས་རམ་འོག་ཝང་གཡུ་སྒྲོན་གྱིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལས་ཀའི་བྱེད་ཐབས་ཤིག་ཀྱང་རྙེད་ཡོད།

1957ལོར་ཝང་གཡུ་སྒྲོན་གྱིས་འདན་ཁོག་རྫོང(ད་ལྟའི་སེར་ཤུལ་རྫོང་གི་ལོ་ཆུང་གྲོང་རྡལ)གི་དམངས་གཙོ་བཅོས་བསྒྱུར་གྱི་ལས་སྒྲུབ་རུ་ཁག་ལ་སྐད་སྒྱུར་བྱེད་མཁན་གྱི་ལས་འགན་འཁུར་ཡོད། དེའི་སྐབས་ཀྱི་ལས་སྒྲུབ་རུ་ཁག་གི་རུ་དཔོན་ཧྭ་ལུང་ཧའེ་ནི་མེ་འགོག་ཁྲའོ་རོགས་ནང་ཞུགས་མྱོང་ཞིང་།ཁོང་རྒྱ་རིགས་ལས་བྱེད་པ་ཞིག་ཡིན་ཡང་བོད་སྐད་ཐོགས་པ་མེད་པར་ཤོད་ཐུབ་པས་མང་ཚོགས་ལ་ཏང་གི་མི་རིགས་སྲིད་ཇུས་གསལ་པོ་བཤད་ཐུབ་པ་དང་།མང་ཚོགས་ཀྱང་ཁོང་གི་སྐད་ཆར་ཉན་འདོད་ཧ་ཅང་ཆེ། བློ་ཕམ་པ་ཞིག་ལ་ཁོང་ངོ་ལོག་ཟིང་འཁྲུག་པར་ཕས་རྒོལ་བྱས་པའི་འཐབ་འཛིང་ནང་ཞུགས་པའི་སྐབས་སུ་སྐུ་གཤེགས་པ་རེད། དེའི་རྗེས་སུ་ཝང་གཡུ་སྒྲོན་སླར་ཡང་རྟའུ་དང་ལྕགས་ཟམ་རྫོང་གི་སྤྱི་ཚོགས་རིང་ལུགས་སློབ་གསོའི་ལས་དོན་ནང་ཞུགས་མྱོང་བ་རེད།

མོ་བརྒྱད་ཟིལ་རྫོང་དུ་ཕྱིར་ལོག་རྗེས་རྫོང་འབྲུ་རིགས་ཅུས་སུ་ལས་དོན་བཀོད་སྒྲིག་བྱས་ཡོད། མོའི་ལས་གནས་ལ་འགྱུར་བ་མང་ཡང་དམངས་ལ་ཞབས་འདེགས་ཞུ་པའི་ཐོག་མའི་བསམ་འདུན་ལ་ནམ་ཡང་འགྱུར་ལྡོག་བྱུང་མེད།ཝང་གཡུ་སྒྲོན་གྱིས་ངའི་ཁྱོ་གའི་མིང་ལ་དབྱང་ཝན་ཧྥུ་ཟེར་ཞིང་།ཁོ་ནི་ལྕགས་ཟམ་རྫོང་ནས་ཡོང་བའི་རྒྱ་རིགས་ལས་བྱེད་པ་ཞིག་ཡིན་ཞིང་། རྒྱལ་མོ་རྔུལ་ཆུའི་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་མྱོང་། ཟ་ཁང་ཅན་དུ་བསྒྱུར་བའི་སྐབས་སུ་འབྲུ་རིགས་ཧ་ཅང་དཀོན་པས་ལྟོགས་ནས་ཤི་མཁན་ཡོད་པས་ཁོ་ལའང་ཆད་པ་ཕོག་མྱོང་།དེའི་རྗེས་རྩ་འཛུགས་ཀྱིས་བརྟག་དཔྱད་བྱས་ཏེ་བདེན་མིན་ཞིབ་དཔྱད་བྱས་པར་བརྒྱུད་ཁོའི་ཆད་པ་མེད་པར་བྱས་ཡོད། ཡིན་ནའང་ཁོ་རང་གུང་ཁྲན་ཏང་མི་ཞིག་ཡིན་པའི་ཆ་ནས་སེམས་སུ་འགྱོད་པ་གང་ཡང་མེད་པར་མང་ཚོགས་ཀྱི་ལྟོ་གོས་གནད་དོན་ཐག་གཅོད་པའི་འགན་འཁྲི་ཡོད་པ་རེད། 1953ལོའི་ལོ་མཇུག་ཏུ་མོའི་ཨ་མ་རྒྱ་མས་ཁྲེང་ཀོན་ཆུས(ད་ལྟ་དཀར་ཆུས་གྲོང་རྡལ)ཀྱི་ཆུས་ཀྲང་གི་འགན་འཁུར་བས་མ་ཚད་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ནས་རྫོང་རིམ་པ་གཞོན་པའི་ཐོབ་ཐང་བླངས་ནས་ལས་འཁྱུར་ངལ་གསོ་བྱས་པ་རེད།

ཝང་གཡུ་སྒྲོན་གྱིས་ངའི་ཨ་ཕ་དང་ཨ་མ་གཉིས་དགའ་རོགས་སྒྲིག་དུས་ཕ་ནི་མན་ཇུ་རིགས་ཡིན་ཡང་རྒྱ་རིགས་ཡིན་ཞེས་སྦས་གསང་བྱས་ཡོད་ཅིང་།རྒྱུ་མཚན་ཅི་རེད་ཟེར་ན།བཅིངས་འགྲོལ་མ་བཏང་གོང་དུ་བོད་རིགས་དང་མི་རིགས་གཞན་གཉེན་སྒྲིག་བྱེད་མི་ཆོག་པས་རེད། ལོ20རིང་ལ་སྦས་པའི་གསང་བ་དེ་ཕའི་གྲོགས་པོ་ཞིག་གི་ས་ནས་ཤེས་བྱུང་ཞེས་བཤད། ཝང་གཡུ་སྒྲོན་གྱིས་ཨ་ཕས་ནམ་རྒྱུན་ང་ཨ་མའི་འཚོ་བའི་གོམས་གཤིས་ལ་བརྩི་འཇོག་ཆེན་པོ་བྱེད་ཀྱི་ཡོད།དཔེར་ན་ཇ་བསྲུབས་མ་འཐུང་བ་དང་བོད་ཟས་ཟ་བ། བོད་སྐད་ཤོད་པ་སོགས་རེད།ངས་དབྱང་ཝན་ཧྥུ་དང་གཉེན་སྒྲིག་བྱ་རྩིས་བྱེད་སྐབས་ཨ་ཕས་བོད་རིགས་དང་རྒྱ་རིགས་གང་ཡིན་རུང་ཁྱོ་ཤུག་ཏུ་འགྱུར་ཐུབ་ཚེ་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་ཞེས་བཀའ་སློབ་གནང་མྱོང་ཞེས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད་པ་རེད།

ཝང་གཡུ་སྒྲོན་གྱིས་བུ་རྒྱུད་ཀྱི་གཉེན་སྒྲིག་དོན་ཆེན་ཐད་ངེད་ཕ་མ་གཉིས་ཀྱིས་ཐེ་ཇུས་གཏན་ནས་བྱེད་མ་མྱོང་། ཁོ་ཚོས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་ཚེ་ད་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད།དུས་རྒྱུན་རྒྱལ་ཡོངས་མི་རིགས56ཚང་མ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ཁོངས་མི་ཡིན་པས་མཐོ་དམན་གྱི་གྲལ་རིམ་དབྱེ་མི་རུང་ཞེས་བཤད།ཁོང་གཉིས་ཀྱི་བུ་རྒྱུད6གི་ནང་ནས་བཟའ་ཟླ3ནི་རྒྱ་རིགས་དང1ནི་དབྱིས་རིགས།1ནི་ཧུའེ་རིགས་ཡིན་ཞིང་།ད་ཆ་མོ་ནི་མི་རབས་བཞིའི་ཁྱིམ་ཚང་ཞིག་ཏུ་གྱུར་ཡོད་པ་རེད།།

ཁ། དངོས་སུ་མཐོང་བའི་འཕོ་འགྱུར་ལས།

མཐར་གཏུག་རེ་འདུན་བཟང་པོ་དངོས་སུ་གྲུབ།

“དུས་ཚོད་ནི་སྐར་མདའ་འཕངས་པ་བཞིན་ཧ་ཅང་མགྱོགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བ་དང་། བརྒྱད་ཟིལ་རྫོང་ཡང་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70འཁོར་ཞིང་། ང་ཡིག་རྨོངས་པ་ཞིག་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར། ཏང་གིས་ང་ལ་བསྐྱངས་པའི་བཀའ་དྲིན་ནི་ངས་ནམ་ཡང་བརྗེད་མི་སྲིད”ཝང་གཡུ་སྒྲོན་གྱིས་ཇ་བསྲུབས་མ་ཧུབ་གང་བཏུང་རྗེས་སེམས་ནང་དྲོ་སྐྱིད་ལྡན་པའི་ངང་ང་ནི་ཏང་ཡོན་ཞིག་མིན་ཡང་ངའི་ཁྱིམ་དུ་གུང་ཁྲན་ཏང་ཡོན11ཡོད་ཅེས་བཤད་པ་རེད།

ཏང་གི་ལོ་བརྒྱའི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལོ་རྒྱུས་བཅས་བརྙན་འཕྲིན་འཁྲབ་ཚན་དང་འདྲ་བར་མི་རྒན་གྱི་མིག་ལམ་དུ་གསལ་ལྷང་ངེ་ཡོད་པ་རེད། མོས“ང་གཞི་རིམ་དུ་སྐྱོད་དུས་མང་ཚོགས་ལ་རྒྱབ་ཀྱི་གོས་དང་ཁའི་ཟས་ཡག་པོ་མེད་པ་མཐོང་སྐབས་སེམས་སྡུག་གི་མིག་ཆུ་རང་དབང་མེད་པར་བཞུར་མྱོང་། ཁོ་ཚོའི་ཟས་གོས་གནས་མལ་ལ་སེམས་ཁྲལ་མི་དགོས་པ་ཞིག་འབྱུང་བའི་རེ་སྨོན་ཆེན་པོ་བྱེད་ཀྱི་ཡོད”ཅེས་མཐོང་ཐོས་ཀྱི་མྱོང་ཚོར་ཟབ་མོར་ཡོད་པའི་སྒོ་ནས་དེ་ལྟར་བཤད། ལོ་བཅུ་ཕྲག་ཁ་ཤས་འདས་ཤིང་། རྟ་བཞོན་ནས་འགྲོ་བའི་དུས་རབས་མཇུག་འགྲིལ་ཏེ་སླར་ཡང་ཕྱིར་ལོག་རྒྱུ་མེད། ད་ཆ་བརྒྱད་ཟིལ་ནས་དར་མདོའི་བར་ཆུ་ཚོད3ལས་འགོར་གྱི་མེད། བརྒྱད་ཟིལ་ནས་ཧྲི་མེན་རྫོང་བར་གྱི་གཞུང་ལམ་བསྐྲུན་མགོ་བཙུགས་ཡོད། ཕྱིན་ཆད་ཧྲི་མེན་རྫོང་བར་ཆུ་ཚོད་གཉིས་ལས་འགོར་གྱི་མེད་པས་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་ནས་བར་ཐག་ཅི་འདྲ་རིང་ཡང་འགྲོ་བདེ་པོ་ཡིན་པས་ངའང་པེ་ཅིང་དང་ལྷ་ས་སོགས་སུ་འགྲོ་མྱོང”ཞེས་ཝང་གཡུ་སྒྲོན་གྱིས་སོ་ཕྲེང་དཀར་པོ་ཕྱི་རུ་མངོན་ཏེ་དེ་ལྟར་བཤད།

དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་གཏོང་བ། མི་སེར་རྣམས་འཚོ་བ་བདེ་སྐྱིད་ལ་རོལ་ཐུབ་པས་ཝང་གཡུ་སྒྲོན་གྱི་སེམས་ལ་སྤྲོ་སྣང་གིས་ཁེངས་ཤིང་། རི་བོ་ཅི་འདྲ་མཐོ་ཡང་ཨར་འདམ་གྱི་ལམ་བཏིང་ཟིན་པ་དང་། མང་ཚོགས་དབུལ་པོ་ཚོས་ཡུལ་གཞན་དུ་གནས་སྤོས་བ་དང“ལྔ་བསྒྱུར་གསུམ་བསྐྲུན”བྱས་པ་བརྒྱུད་སྡོད་ཁང་ཡག་པོ་ཞིག་བརྒྱབ་པར་མ་ཟད། གཞུང་ལམ་བསྐྲུན་ནས་སྒོ་འགྲམ་དུ་སླེབས་ཡོད། གྲོང་མི་མང་པོ་ཞིག་གིས་འཇིབ་ཆུང་ཉོས་ནས་ཧྲེན་ཀྲེན་དང་ཧྲང་ཧའེ །པེ་ཅིང་བཅས་སུ་བསྐྱོད་པ་དང་ད་ཆ་གྲོང་མིའི་འཚོ་བ་གྲོང་ཁྱེར་བ་ལས་ཡག་པོ་ཡོད། ཏང་དང་སྲིད་གཞུང་གིས་ཁོང་ཚོར་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་ནས་ཁོང་ཚོའི་ཡོང་འབབ་མང་དུ་བཏང་ནས་བདེ་སྐྱིད་འཚོ་བ་ལ་ལོངས་སུ་སྤྱད་པ་རེད།“ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ71འཁོར་ཉེར་ཡོད་པ་དང་གུང་ཁྲན་ཏང་གིས་མི་སེར་ལ་འཚོ་བ་སྐྱོ་པོ་ལས་རྒྱང་རིང་དུ་འགྱེད་པའི་ཁས་ལེན་དེ་

དོན་ཐོག་བསྒྲུབས་པ་དེ་ནི་ང་ཚོས་ཚེ་གང་རིང་ལས་དོན་བསྒྲུབས་ནས་འབད་འཐབ་བྱ་དགོས་པའི་འབྲས་བུ་ཞིག་མ་རེད་དམ”ཞེས་བཤད་པ་རེད།

ཆུ་ངོགས་གཉིས་ཀྱི་ཐོག་བརྩེགས་ཁང་ཆེན་ལ་བལྟས་ཏེ། ཝང་གཡུ་སྒྲོན་གྱིས་ཐོག་བརྩེགས་མཐོ་ཤོས་ཀྱི་ཁང་པ་ཞིག་ལ་མཛུབ་མོ་བཙུགས་ནས་ཐོག་བརྩེགས་ཁང་པ20ལྷག་ཙམ་ཡོད་པ་དེ་བརྒྱད་ཟིལ་རྫོང་གི་ས་གནས་མཚོན་རྟགས་ཀྱི་བསྐྲུན་དངོས་ཤིག་ཏུ་རྩི་ཡི་ཡོད་ཅེས་བཤད། ལོ་དེར་བཅིངས་འགྲོལ་བཏང་མ་ཐག་པའི་དུས་སུ་རྫོང་མཁར་ཡིན་ཞེས་བཤད་ན་སོ་ཕག་བཀབ་པའི་ཁང་པ་ཅུང་མང་བ་ཙམ་ལས་རྫོང་མཁར་དུ་ཨར་འདམ་ལམ་ཡང་མེད། གང་ལགས་ཤེ་ན། འཛུགས་སྐྲུན་དངོས་རྫས་རྩ་བ་ནས་དབོར་མི་ཐུབ་པས་རེད། ཆ་རྐྱེན་སྡུག་ཅིང་དཀའ་ཚེགས་ཆེ་ན་ཡང་ཁོ་དང་བཟའ་ཟླ་གཉིས་པོས་དར་མདོར་ལས་གནས་སྤོ་རྒྱུའི་བསམ་བློ་དོར་བ་ཡིན། ཕ་ཡུལ་འདི་འདྲ་དབུལ་ཞིང་ཕོངས་པས་ང་ཚོས་ཀྱང་ཕ་ཡུལ་འཛུགས་སྐྲུན་གྱི་ཆེད་དུ་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་མ་བླངས་ན་ད་དུང་སུས་འབད་པ་བྱེད་འདོད་ཡོད་བསམས་ནས་ཁོ་གཉིས་མ་འགྲོ་བ་ཡིན། ཁོས་བརྒྱད་ཟིལ་རྫོང་གྲོང་གི་འཕོ་འགྱུར་བྱུང་བར་མིག་མཐོང་ལག་ཟིན་བྱུང་བས་ད་ཆ་རྫོང་མཁར་གྱི་ཐོག་བརྩེགས་ཅན་གྱི་ཁང་པ་དང་ལས་ཁུངས་ཀྱི་ལས་བཟོ་དང་གྲོང་གསེབ་ཀྱི་ཆ་རྐྱེན་ཡོད་པའི་ཞིང་འབྲོག་པ་བཅས་ཀྱིས་རྫོང་མཁར་དུ་ཁང་པ་ཉོས་ཡོད། དགོང་མོར་སླེབས་སྐབས་རྫོང་མཁར་གྱི་མཚན་ལྗོངས་ཧ་ཅང་ཡག་ཅིང་། ཁོའི་མི་ཚེའི་ནང་ད་དུང་རྫོང་མཁར་ལ་འདི་འདྲའི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ནི་དྲན་ཡང་མ་ཕོད་པ་ཞིག་རེད།

1983ལོར་ཝང་གཡུ་སྒྲོན་ལས་འཁྱུར་ངལ་གསོ་བྱས་པ་དང་སྐབས་དེའི་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལ་གཞིགས་ནས་ཁོ་དང་ཁོའི་ཨ་མས་སྨི་ངོས་གྲུ60དང80ཡི་ཁང་ས་ཐོབ་ཅིང་། བུ་དང་བུ་མོ་སོ་སོས་ཁྱིམ་གཞིས་བཙུགས་རྗེས་ཁོ་དང་ཁ་བྲལ་མི་བྲ་བ་དང་གཅེན་གཅུང་དྲུག་པོས་མ་དངུལ་བསྡུས་ནས་ཐོག་བརྩེགས5ཡི་ཁང་པ་བརྒྱབ་པ་དང་སྡོད་ཁང་མཛེས་བཟོ་ལ་རྒྱ་ལུགས་དང་བོད་ལུགས་ཀྱི་ཉམས་དོད་ལ།རྒྱ་བོད་ཟུང་འབྲེལ་དང་དབྱིས་རིགས་དང་བོད་རིགས་མཉམ་འདྲེས་བཅས་ཀྱི་མཚོན་དོན་མངོན་པར་གསལ་ཞིང་། ཁྱིམ་མི་རྣམས་དུས་ཆེན་དང་གུང་གསེང་རིང་གི་གསོལ་སྟོན་ལ་སྟབས་བདེ་ཡོང་ཆེད། ཁོ་ཚོས་རྩེ་ཐོག་ལ་ཅོག་ཙེ་བཅུ་བཞག་ཐུབ་པའི་སྟེགས་བུ་ཆེན་པོ་ཞིག་ཀྱང་བཞག་པ་ཡིན་ཞེས་བཤད།

ག  སྲོལ་རྒྱུན་གྱི་སྤྱོད་ཚུལ་བཟང་པོ།

དུས་རབས་གསར་པའི་ཁྱིམ་སྲོལ་མི་རབས་ནས་མི་རབས་བར་དུ་བརྒྱུད།

ལོ་ན61ལ་སླེབས་པའི་དབྱང་ཞའོ་ཕིང་ནི་ཝང་གཡུ་སྒྲོན་གྱི་བུ་གཉིས་པ་ཡིན་ཞིང་། ལས་འཁྱུར་ངལ་གསོ་མ་བྱས་གོང་རྟའུ་རྫོང་དང་རོང་བྲག་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་གཙོ་བྱས་མྱོང་བ་རེད། ཁོས་རྒན་བཀུར་གཞོན་གཅེས་དང་། ཁྱོ་ཤུག་མཛའ་མཐུན། མར་བྱམས་བུ་སྐྱོང་། གཅེན་གཅུང་ལ་གུས་ཞབས། བརྩོན་བསྲིས་ཁྱིམ་སྐྱོང་། གུས་ཞབས་ལྡན་པ། སྒྲིག་བཀུར་ཁྲིམས་སྲུང་། ཁྱིམ་ཚང་འཆམ་མཐུན་སོགས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཁྱིམ་ཚང་གི་སྤྱོད་བཟང་གིས་ཁྱིམ་ཚང་ཚང་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ང་ཚོའི་ཁྱིམ་ཚང་ནི་མི་རིགས་མང་བའི་ཁྱིམ་ཚང་ཞིག་ཡིན་པས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཁྱད་པར་ཕྲན་བུ་ཡོད་མོད། འོན་ཀྱང་ཚང་མས་ངག་སློབ་དཔེ་སྟོན་ལ་མཐོང་ཆེན་བྱེད་ཐུབ་ཀྱི་ཡོད་པས། བྱ་བ་ཆུང་ཆུང་ཞིག་གིས་འཆམ་མཐུན་ལ་གནོད་འཚེ་གཏན་ནས་གཏོང་མི་སྲིད་པ་རེད།

དབྱང་ཞའོ་ཕིང་གིས་བརྩེ་སེམས་ཟབ་མོ་ཡོད་པའི་སྒོ་ནས་སྤོ་བོ་རྨོ་བོ་ལགས་དང་ཕ་མའི་ངག་སློབ་དཔེ་སྟོན་དང་ཏང་གི་གསོ་སྐྱོང་འོག ཁོ་ཚོའི་མིང་སྲིང་དང་བཟའ་ཟླ་ཚང་མ་ལས་ཀར་ཞུགས་པ་དང་། ལ་ལ་ཞིག་སྤྱི་བདེ་ཅུས་དང་། ཞིབ་དཔྱོད་ཁང་དང་། ཁྲིམས་ཁང་སོགས་སུ་ལས་ཀ་བྱེད་བཞིན་ཡོད། ལས་གནས་གང་ཞིག་ཏུ་ཡོད་ཀྱང་ཁོ་ཚོས་ཐོག་མཐའ་བར་གསུམ་དུ་ཕ་མའི་བསླབ་བྱ་ཡིད་ལ་བརྟན་པོར་བཅངས་ནས་ཁེ་གྲགས་མི་གཉེར་བ་དང་། སྤྱོད་གཙང་ཡོང་ཐབས་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བཞིན་ཡོད། དེ་སྔ་བརྒྱད་ཟིལ་རྫོང་གི་གཉེན་རྟེན་བྱེད་སྲོལ་དར་ནས་ཞིང་འབྲོག་པའི་དཔལ་འབྱོར་གྱི་ཁུར་པོ་ལྗིད་མོ་ཞིག་ཏུ་གྱུར་ཡོད། ངས་རྟག་ཏུ་གཞི་རིམ་དུ་བསྐྱོད་པའི་གོ་སྐབས་དང་བསྟུན་ནས་གྲོང་མིར་དཔལ་འབྱོར་གྱི་རྩིས་རྒྱག་རོགས་བྱེད་ཀྱི་ཡོད། ཁོ་ཚོར་གཉེན་རྟེན་གྱི་གོམས་སྲོལ་བཀག་འགོག་མ་བྱས་ཚེ་གྲོང་མིའི་འཚོ་བ་ཇེ་དབུལ་དུ་ཕྱིན་རྒྱུ་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་བརྟེན་ནས་ཁོ་ཚོར་ཁྲིད་སྟོན་བྱེད་ཀྱི་ཡོད། ཏང་ཨུ་དང་སྲིད་གཞུང་གི་རྒྱུན་མཐུད་འབད་བརྩོན་འོག་གཉེན་རྟེན་འགྲན་སྡུར་གྱི་སྲོལ་ངན་བཀག་འགོག་བྱས་ཐུབ་ཡོད་ཅེས་བཤད་པ་རེད།

དབྱང་ཞའོ་ཕིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར། ང་ཚོའི་ཁྱིམ་མི་ནི་ཁུལ་ནང་ཁུལ་དང་ཁྲེང་ཏུའུ་སོགས་ནས་ཡོང་བ་ཡིན། མ་གཞི་ཚང་མ་བྱ་བའི་ས་གནས་དང་བྱ་བའི་ལས་གནས་མི་འདྲ་ནའང་། ད་ལྟ་ཚང་མ་ལས་འཁྱུར་ངལ་གསོ་བྱས་ཟིན་ཞིང་། ཨ་མ་ལགས་ཡོད་པས་ཁྱིམ་ཡོད་པ་ཡིན་ལ། དེའི་ཕྱིར་ང་ཚོས་གྲོས་མོལ་བྱས་ནས་ཚང་མ་མཉམ་དུ་བསྡད་ཡོད་པས། ལོ་ན་བགྲེས་བའི་ཨ་མར་ལྟ་སྐྱོང་བྱེད་ཆོག་ལ། ཚང་མས་ཀྱང་ཕན་ཚུན་རོགས་རམ་བྱེད་ཐུབ་ཀྱི་ཡོད། བརྒྱད་ཟིལ་རྫོང་ནི་བོད་རིགས་དང་། རྒྱ་རིགས། དབྱིས་རིགས་བཅས་ཀྱིས་གསུམ་ཆ་གཅིག་རེ་ཟིན་གྱི་ཡོད་ཅིང་། ཡུན་རིང་སྤེལ་རེས་དང་འགྲོ་འོང་བྱེད་པའི་བརྒྱུད་རིམ་ནང་གཉེན་སྒྲིག་དང་གཤིན་ཆོས། དཔྱིད་རྨོ་སྟོན་བརྔ་གང་ཡིན་ལ་མ་བལྟས་པར་ཚང་མས་ཕན་ཚུན་རོགས་རེས་བྱེད་པ་དང་མི་རིགས་གསུམ་པོའི་བར་ཕན་ཚུན་གཉེན་སྒྲིག་བྱེད་ཀྱི་ཡོད་པས་ཚང་མས་འཆམ་མཐུན་གྱི་དཔལ་ལ་རོལ་བཞིན་ཡོད།།

  • ལེ་ཚན་སྔོན་མ།:ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་ཐད་ལ་རྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་གཅིག་གྱུར་འཆར་འགོད་ཀྱིས་ཉེན་མེད་དང་འཕེལ་རྒྱས་ཀྱི་ལས་ཀ་དམ་འཛིན་ཡག་པོ་བྱ་དགོས།
  • ལེ་ཚན་རྗེས་མ།:དར་མདོའི་ཕག་མོ་རི་བོར་ཕུག་ལམ་སྐྲུན་བཞིན་པའི་སྒང་རེད།
  • དོ་སྣང་ཆེ་བའི་རྩོམ།