ཟླ་བ6པའི་ཚེས26ཉིན་གསར་འགོད་པས་ཉག་རོང་རྫོང་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱུང་དོན། སྲོལ་རྒྱུན་ཞིང་ལས་འདི་དེང་རབས་ཞིང་ལས་ཕྱོགས་སུ་ལེགས་སྒྱུར་བྱས་ཏེ་ཐོན་ལས་ཆགས་ཚུལ་ལེགས་སྒྲིག་བྱས་ནས་ཞིང་པའི་ཡོང་འབབ་འཕར་སྣོན་གཏང་ཆེད། 2012ལོ་ནས་བཟུང་ཉག་རོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཉག་ཆུ་འབབ་རྒྱུད་དུ་ཐོན་ལས་ཡུག་ཕྱོགས་འཛུགས་སྐྱོང་བྱས་ཏེ་མི་སེར་ཚོའི་དཔལ་འབྱོར་ཡོང་འབབ་འཕར་སྣོན་གཏོང་ཐབས་བྱས་པ་རེད།
ཐོན་ལས་ཆགས་ཚུལ་ལེགས་སྒྲིག་བྱེད་པའི་གོ་རིམ་ཁྲོད་དུ། རྫོང་དེས་སྤུས་ཀ་ཡག་པའི་ནས་ཀྱི་ཐོན་ལས་བརྟན་པོར་བྱས་པའི་རྨང་གཞིའི་ཐོག ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་ཁྱད་དུ་འཕགས་པའི་ཡུངས་དཀར་དང་ཞོག་ཁོག རྒྱ་ཙོང་། ཉུང་མ། མཱ་ཁཱ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་བྱས་པ་རེད། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མང་ཚོགས་ཕྱུག་འགྱུར་བྱ་རྒྱུའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་མཐོ་སྒང་གི་ཞིང་ལས་འཕྲུལ་ཆ་ཅན་དང་གཞི་ཁྱོན་ཅན། ཚད་གཞི་ཅན། ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱས་པ་རེད། དེ་དང་ཆབས་ཅིག་རྫོང་དེས་རྫོང་རང་ཉིད་ཀྱི་ས་ཁམས་ཆགས་ཚུལ་དང་གནམ་གཤིས་ཁྱད་ཆོས་ལ་དམིགས་ནས་ཉག་སྟོད་ཡུག་ཕྱོགས་སུ་ནས་དང་ཞོག་ཁོག་རྟེན་གཞི་ཡིས་གཙོ་བོར་བྱས་པ་དང་། ཉག་སྨད་ཡུག་ཕྱོགས་སུ་རྒྱ་ཙོང་དང་ཡུངས་དཀར། ཤུན་ལྡན་ཤིང་ཏོག་རྟེན་གཞི་ཡིས་གཙོ་བོར་བྱས་ཤིང་།ཉག་ཆུ་འབབ་རྒྱུད་ངོགས་གཉིས་སུ་འོ་སེ་ཇ་དང་སྔོ་ཚལ། ཉུང་མ་རྟེན་གཞི་ཡིས་གཙོ་བོར་བྱས་པའི་ཐོན་ལས་ཆགས་ཚུལ་བཀོད་སྒྲིག་བྱས་དང་བྱེད་བཞིན་ཡོད་པ་རེད།
སྨྱུག་འཛིན་པས་རྫོང་དེའི་བརྡ་ཀིན་ཤང་བརྡ་ཀིན་གྲོང་སྡེའི་མཱ་ཁཱ་དཔེ་སྟོན་རྟེན་གཞིའི་ཡུལ་དངོས་སུ་བཅར་འདྲི་བྱེད་སྐབས། རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསྟན་པ་དགེ་བཤེས་ཀྱིས་ངོ་སྤྲོད་བྱས་དོན། རྒྱ་མཚོའི་ངོས་ལས་ས་ཁ་མཐོ་ཚད་སྨི3400ཡན་ཆད་སར་མཱ་ཁཱ་རྨོ་ས་འཚམ་པོ་ཡིན་ཞིང་། ལོ་རྟག་པའི་སྤྱི་ཟླ3པའི་ནང་རྫོང་ཞིང་ལས་ཚན་རིག་ལག་རྩལ་ཁང་གིས་གཅིག་གྱུར་གྱིས་མཱ་ཁཱའི་མྱུ་གུ་གསོ་སྐྱོང་བྱས་ཏེ་སྤྱི་ཟླ5པའི་ཟླ་སྨད་ནས་སྤྱི་ཟླ6པའི་ཟླ་སྟོད་བར་རིན་པ་མི་དགོས་པར་ཞིང་པར་མྱུ་གུ་འདོན་སྤྲོད་བྱས་ཏེ་སྤོ་འཛུགས་བྱེད་དུ་བཅུག་པ་རེད། ཞིང་པ་ཚོའི་འདེབས་འཛུགས་བྱེད་པའི་འཇོན་ནུས་ཇེ་དྲག་ཏུ་གཏང་ཆེད། འབྲེལ་ཡོད་སྡེ་ཁག་གིས་ཞིང་ལས་ལག་རྩལ་མི་སྣ་ཡུལ་དངོས་སུ་མངགས་ནས་ཞིང་པ་ཚོར་འདེབས་འཛུགས་བྱེད་སྟངས་ཁྲིད་སྟོན་བྱས་དང་བྱེད་བཞིན་ཡོད་པ་རེད། བརྡ་ཀིན་གྲོང་སྡེའི་མཱ་ཁཱ་རྟེན་གཞིའི་རྒྱ་ཁྱོན་མུའུ60དེས་གྲོང་སྡེ་ཡོངས་ཀྱི་དུད་ཚང67ཡི་མི་གྲངས387ལ་ཁེ་ཕན་ཐོབ་ཡོད། རྒྱ་རྭ་ཤུལ་ཤང་མཆོག་དགེ་གྲོང་སྡེའི་ཞིང་པ་སྐལ་བཟང་བསྟན་འཛིན་གྱིས་ན་ལོར་ངས་ས་ཞིང་མུའུ0.8ནང་མཱ་ཁཱ་རྨོས་ནས་ཡོང་འབབ་རྐྱང་པ་སྒོར་ཁྲི2ལྷག་རག་བྱུང་། མི་སེར་ཚོར་ཕན་འབྲས་དངོས་ཐོབ་པ་འདི་མཐོང་དུས་མཱ་ཁཱ་རྨོ་རྒྱུའི་སྤྲོ་སེམས་ཆེན་པོ་འདུག་ཅེས་བཤད་པ་རེད།
དེ་དང་ཆབས་ཅིག ཤང་ལུང་གཤིས་ཤང་ཐིལ་པ་གྲོང་སྡེའི་ཞིང་པ་ཁྱི་ཕྲུག་གིས་རྒྱ་ཙོང་རྨོ་སའི་ཞིང་ནང་ལ་ཡུར་མ་རྒྱག་ཞོར་དུ་སྨྱུག་འཛིན་པར་བཤད་དོན། 2014ལོར་གྲོང་སྡེ་ཡོངས་ཀྱི་དུད་ཚང80ཡིས་སྔོ་ཚལ་རྨོ་འདེབས་བྱེད་མཁན་མཉམ་ལས་ཁང་བཙུགས་ནས་ས་ཞིང་མུའུ80ཡི་ནང་རྒྱ་ཙོང་རྨོས་ཏེ་ཁེ་སྤོགས་སྒོར་ཁྲི23རག་ཡོད། ད་ལོར་ཡང་དུ་མུའུ108རྨོས་ཡོད། ངའི་བསམ་པར་ཁེ་སྤོགས་ཡག་པོ་ཡོད་པའི་ཡིད་ཆེས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉག་རོང་རྫོང་གི་རྫོང་ཡོངས་སུ་མཱ་ཁཱ་མུའུ200དང་ནས་མུའུ30000 རྒྱ་ཙོང་མུའུ500 ཡུངས་དཀར་མུའུ3000བཅས་ཀྱི་ རྟེན་གཞི་ཁྱབ་གདལ་བཏང་ཡོད་ཅིང་། རྫོང་ཞིང་འབྲོག་ཅུས་ཀྱིས་ཐོན་ལས་ཆགས་ཚུལ་ལེགས་སྒྱུར་དང་རིམ་པ་མཐོར་འདེགས་བྱས་ནས་རྒྱུན་ཆད་མེད་པར་ཞིང་ལས་ཀྱི་ཐོན་ཚད་རིན་ཐང་མཐོ་རུ་བཏང་བར་བརྟེན།2014ལོར་ཞིང་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར5867ལ་ཟིན་པས། 2010ལོའི་སྒོར2490ཡི་ཐོག་སྒོར3377འཕར་སྣོན་བྱུང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཕྱིན་ཆད་ཉག་རོང་རྫོང་གིས་ཀོང་ཏུང་དང་དབྱིས་པིང་སོགས་དར་རྒྱས་ཆེ་བའི་གྲོང་ཁྱེར་གྱིས་རོགས་སྐྱོར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ་ཁེ་ལས་ནང་འདྲེན་བྱས་ནས་ཁེ་ལས་དང་རྟེན་གཞི།ཞིང་དུད་འབྲེལ་བའི་ཐོན་ལས་ཆགས་ཚུལ་འཛུགས་སྐྱོང་བྱས་མཐར། མཐོ་སྒང་གི་རྒྱ་ཙོང་དང་མཱ་ཁཱ། ཡུངས་དཀར་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་རྒྱ་སྐྱེད་བཏང་ནས་ཞིང་འབྲོག་མི་སེར་ཚོའི་ཡོང་འབབ་རྒྱུན་མཐུད་དུ་འཕར་སྣོན་གཏང་རྒྱུ་ཡིན་པ་རེད།།