དཔྱིད་ཀྱི་དཔལ་ཡོན་བཞད།། དཔྱིད་རྨོད་ལས་ལ་བྲེལ།།

ཀུན་དགས་བསྒྱུར།        2021-04-06

དཔྱིད་ཀྱི་དཔལ་ཡོན་བཞད།། དཔྱིད་རྨོད་ལས་ལ་བྲེལ།།

ཉིན་གཅིག་གི་འཆར་གཞི་འགྲུབ་མིན་ཞོགས་པོར་རག་ལས། ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་རག་ལས། ཞེས་པ་ལྟར་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་གྱིས་དཔྱིད་རྨོད་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་།དེ་ནའི་ཞིང་ཁ་དང་ཞིང་ནང་དུ་སྐྱོད་སྐབས་མི་སེར་ཚོས་ཚ་ཚ་འུར་འུར་ངང་དཔྱིད་རྨོད་བྱེད་བཞིན་འདུག

ཤེས་རྟོགས་བྱུང་བར་གཞིགས་ན།

ར་རྔ་ཁ་གྲོང་རྡལ་གྱི་རྨོ་འདེབས་ཞིང་སའི་ཆ་སྙོམས་མཚོ་འཕགས་སྨི3600ཡིན་པ་དང་། དེ་ནའི་ས་བབ་ཆ་མི་སྙོམས་པ། རྨོ་འདེབས་བྱེད་དཀའ་བ། མ་གནས་མཐོ་བ་བཅས་ཡིན། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འཕར་དང་ཞིང་ལས་ཀྱི་ཕན་འབྲས་འགན་ལེན་བྱ་ཆེད།གྲོང་རྡལ་དེའི་གྲོང་ཚོ་ཁག་གིས་ཡུལ་བབ་དང་བསྟུན་ནས་དཀའ་སྤྱད་འབད་འབུང་གིས་སྔ་ཙམ་ཇུས་འགོད་དང་སྔ་ཙམ་སྐུལ་སློང་།སྔ་ཙམ་བཀོད་སྒྲིག་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་འདི་ལོའི་དཔྱིད་རྨོད་དཔྱིད་གྲབས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཡོད།

བལ་གསེད་གྲོང་སྡེ་གཉིས་པས་ཡུལ་མི་སྒྲིག་འཛུགས་བྱས་ཏེ་ཆུ་ལམ་གཙང་སེལ་དང་ཆུ་ཡུར་བཤངས་ཏེ་ཞིང་ཆུ་གཏང་རྒྱུར་འགན་ལེན་བྱས་པ་དང་འབྲེལ་ཞིང་པའི་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ཞིང་དུད་དང་ཞིང་ནང་། མུ་ཁར་བསྐྱོད་དེ་ཕྱུགས་རིགས་ཀྱི་བདེ་འཇགས་དང་།ཞིང་ས་རྨོ་འདེབས།ས་བོན་གསོག་འཇོག་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ནས་དཔྱིད་རྨོད་དཔྱིད་གྲབས་ཀྱི་ཐོན་སྐྱེད་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་འདི་ལོར་ལོ་ལེགས་ཡོང་རྒྱུར་འགན་ལེན་བྱས་ཡོད། མགོ་ལོག་ཐོག་གྲོང་སྡེ་དང་པོར་འདི་ལོ་ནས་ནག་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་བཏང་ནས་འཕྲུལ་ཆས་ཅན་གྱི་རྨོ་འདེབས་བྱས་ཏེ་འདེབས་འཛུགས་ཀྱི་ཕན་འབྲས་ཆེ་རུ་བཏང་བ་དང་། ཨ་ཉག་གྲོང་སྡེས་སྤྱི་གཉེར་ཁང་དང་ཀྲི་པུའུ།རྟེན་གཞི།ཡུལ་མི་བཅས་ཟུང་འབྲེལ་རྣམ་པའི་ཐོག་ནས་ལྷད་མེད་སྔོ་ཚལ་འདེབས་འཛུགས་སྤྱི་གཉེར་ཁང་ནང་འདྲེན་བྱས་ཏེ་ས་ཞིང་འཁོར་རྒྱུག་བྱས་ནས་གྲོང་སྡེའི་ས་ཞིང་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།ས་ཞིང་འཁོར་རྒྱུག་ལ་བརྟེན་ནས་ཞིང་ལས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་སྐུལ་ཁྲིད་བྱས་པར་མ་ཟད།ཞིང་འབྲོག་མང་ཚོགས་རང་ཉིད་ཀྱི་ས་ཞིང་ནང་ལས་ཀ་བྱེད་པར་བསྡུས་ནས་ཞིང་པའི་འབབ་འཕར་ལ་སྐུལ་འདེད་བཏང་ཡོད།ད་སྔར་ས་ཞིང་རྨོ་འདེབས་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད།

ཨ་ཉག་གྲོང་སྡེའི་ཡུལ་མི་བཀྲ་ཤིས་དགྲ་འདུལ་གྱིས་ད་ལྟའི་སྲིད་ཇུས་ཧ་ཅང་ཡག་པོ་འདུག ང་ཚོའི་ས་ཞིང་འཁོར་རྒྱུག་བྱས་རྗེས་ད་དུང་རང་ཉིད་ཀྱི་ཞིང་ནང་དུ་གླ་པ་བྱས་ནས་ཡོང་འབབ་གསོག་ཆོག་གིན་རེད། ཉེ་བའི་ལོ་ཤས་རིང་ང་ཚོའི་ཕ་ཡུལ་ར་རྔ་ཁར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཡུལ་མི་མང་པོ་ཞིག་གིས་ཡུལ་སྐོར་གནས་ཚང་བཙུགས་ཡོད་པས་ཕྱི་རོལ་དུ་གླ་པ་བྱེད་པ་ལས་དགའ་ཆེས་སོང་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།ར་རྔ་ཁ་གྲོང་རྡལ་གྱི་འདི་ལོའི་ས་ཞིང་ཚོང་ལས་འཁོར་རྒྱུག་བསྡོམས་འབོར་མུའུ3000ཡན་ལ་ཟིན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་ཆེད།གྲོང་སྡེ་ཁག་གིས་སྲོལ་རྒྱུན་གྱི་ནས་འདེབས་འཛུགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་དཔལ་འབྱོར་སྐྱེ་དངོས་འདེབས་འཛུགས་ལ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་རེད།།

  • ལེ་ཚན་སྔོན་མ།:སོ་ནམ་མཁན་པོས་ཞིང་ནང་དུ་མཛུབ་སྟོན་གང་ལེགས་བྱས།
  • ལེ་ཚན་རྗེས་མ།:མཉམ་ལས་སྤེལ་རེས་དང་ཐུན་མོང་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་གླེང་།
  • དོ་སྣང་ཆེ་བའི་རྩོམ།