སོ་ནམ་མཁན་པོས་ཞིང་ནང་དུ་མཛུབ་སྟོན་གང་ལེགས་བྱས།

ཀུན་དགས་བསྒྱུར།        2021-04-06

ལོ་གཅིག་གི་འཆར་གཞི་གྲུབ་མིན་དཔྱིད་ཀ་ལ་རག་ལས། དཔྱིད་མགོའི་ཆར་པ་ཐེངས་འགའ་བབས་རྗེས་རོང་བྲག་རྫོང་གི་གནམ་གཤིས་རིམ་བཞིན་དྲོ་པོར་ཆགས་ཡོད་ཅིང་། ཡུལ་ཤོག(གྲོང་རྡལ)ཁག་གིས་དཔྱིད་རྨོད་གྲ་སྒྲིག་ལས་ཀར་དམ་འཛིན་བྱས་པ་དང་འབྲེལ་ཞིང་འབྲོག་ཚན་རྩལ་ཅུས་ཀྱི་ཞིང་ལས་ལག་རྩལ་ཆེད་རམས་པ་ཚོས་དཔྱིད་རྨོད་ཐོན་སྐྱེད་ལག་རྩལ་ཞིང་ཁར་སྤེལ་བ་རེད།

སྒོ་ལུང་གྲོང་རྡལ་རྒྱལ་ཟླའི་གྲོང་སྡེ་དང་པོའི་ཡུལ་མི་ཝང་ཏ་ཆང་གི་ཞིང་ནང་དུ་ཡུལ་མི་བཅུ་ལྷག་གིས་སོ་ནམ་མཁན་པོ་ཝང་ཁྲེང་ཧྲོའུ་ཡི་སློབ་སྟོན་འོག་ལས་ལ་བྲེལ་པ་སྟེ། ལ་ལས་འགྱིག་ཤོག་འགེལ་པ་དང་འགའ་ཞིག་གིས་རྨོ་འདེབས་འཕྲུལ་ཆས་སྤྱད་ནས་མ་རྨོས་ལོ་ཏོག་སོགས་འདེབས་བཞིན་ཡོད། ཝང་ཏ་ཆང་གིས་སྨྱུག་འཛིན་པར་གྲོང་སྡེའི་ནང་གི་ན་གཞོན་མང་ཆེ་བ་ཕྱི་ལ་སློབ་སྦྱོང་དང་གླ་པར་ཕྱིན་ཡོད།དེ་སང་གྲོང་སྡེའི་ནང་དུ་ངལ་རྩོལ་ནུས་ཤུགས་ཉུང་བའི་གནས་ཚུལ་དང་བསྟུན་ནས་དུད་ཚང་དྲུག་བདུན་ཙམ་གྱིས་དཔྱིད་རྨོད་རོགས་རེས་ཚོ་ཆུང་བཙུགས་ཡོད། སྔར་བཞིན་དཔྱིད་རྨོད་དུས་ཚིགས་སླེབས་སྐབས་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱིས་ཞིང་ལས་ལག་རྩལ་མི་སྣ་གྲོང་སྡེར་མངགས་ནས་ང་ཚོར་ཚན་རིག་དང་མཐུན་པའི་སྒོ་ནས་མཛུབ་ཁྲིད་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་ཞིང་ལས་དང་བསྡུར་ན་ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་འདེབས་པའི་ཐོན་ཚད་མཐོ་བར་མ་ཟད་ངལ་རྩོལ་ནུས་ཤུགས་ཐད་གྲོན་ཆུང་ཐུབ་ཡོད་ཅེས་བཤད།

བྲག་སྒོ་གྲོང་རྡལ་སྦྲ་ནག་གྲོང་སྡེའི་ཞིང་ལས་ལག་རྩལ་པ་ནོར་བུ་དང་བཅས་པ་མི་གསུམ་པོས་ཞིང་སྨན་དང་མ་རྨོས་ལོ་ཏོག་གི་སོན་བཟང་།འགྱིག་ཤོག རླངས་འདོན་ཡོ་བྱད་སོགས་ཞིང་སྤྱོད་དངོས་ཟོག་རླངས་འཁོར་གང་བླུགས་ཏེ་གྲོང་སྡེར་སླེབས་ཡོད། གྲོང་མི་ཁ་ཤས་ཀྱིས་ནོར་བུར་ང་ཚོས་བཏབ་པའི་གཡེར་མ་ལ་ཚད་གཞི་མི་འདྲ་བའི་ནད་འབུའི་གནོད་འཚེ་ཐོན་འདུག་ཅེས་བཤད་དུས་ནོར་བུས་ཡུལ་མི་ཚོ་དང་མཉམ་དུ་ཞིང་ནང་དུ་སོང་ནས་སྡོང་བོའི་ཡལ་གའི་སྟེང་གི་ནད་འབུའི་གནོད་པ་ལ་ཞིབ་ཏུ་བལྟས། དེ་རྗེས་ཡུལ་དངོས་སུ་ཞིང་སྨན་དཔེ་སྟོན་བཀོད་སྒྲིག་བྱས་པར་མ་ཟད་སྨན་ཆུ་གཏོར་ཆས་སྤྱད་ནས་སྨན་ཆུ་གཏོར་བ་རེད། ཡུལ་མི་འབྲུག་འབུམ་གྱིས་ང་ཚོ་སྡེ་བའི་དཔལ་འབྱོར་གྱི་ཡོང་འབབ་གཙོ་བོ་ནི་གཡེར་མ་ཡིན་ཞིང་། ལོ་འདི་དག་གི་རིང་ཞིང་ལས་ལག་རྩལ་པས་ང་ཚོར་དུས་ཐོག་ཏུ་མཛུབ་ཁྲིད་བྱས་པར་བརྟེན་ང་ཚོའི་ཐོན་འབབ་ཡག་པོ་ཡོང་གི་ཡོད་པས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

བརྒྱར་གྱུར་གྲོང་རྡལ་བརྒྱར་གྱུར་གྲོང་སྡེ་གསུམ་པའི་ཨ་རྒྱལ་དགེ་བཤེས་ཚང་གི་ཀུ་ཤུ་ལྡུམ་རའི་ནང་དུ་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱི་ཞིང་ལས་ལག་རྩལ་པས་ཤིང་སྡོང་གི་ཡལ་ག་བྲེག་པའི་འགྲེམས་སྟོན་སྦྱོང་བརྡར་བྱེད་སྐབས་ཡུལ་མི་བཅུ་ལྷག་གིས་དེར་བསྐོར་བ་བྱས་ནས་ནན་ཏན་ངང་ཉན་བཞིན་ཡོད། ཞིང་ལས་ལག་རྩལ་པའི་འགྲེལ་བཤད་དང་འགྲེམས་སྟོན་བརྒྱུད་དེ་ཡུལ་མི་ཚོས་ཡལ་ག་འབྲེག་སྟངས་དང་ཡལ་ག་བེད་མེད་སེལ་སྟངས་སོགས་ཀྱི་ཤེས་བྱ་ཁོང་དུ་ཆུད་ཐུབ་ཡོད། ཞིང་ལས་ལག་རྩལ་པའི་འགྲེལ་བཤད་དཔེ་སྟོན་མཇུག་འགྲིལ་རྗེས་ཡུལ་མི་ཚོས་རང་ཁྱིམ་གྱི་འབྲས་ཤིང་ལ་ཡལ་བཞུར་བརྒྱབ་ནས་ལྗོན་ཤིང་གིས་འཚོ་བཅུད་དང་ཉི་འོད་དེ་བས་ལེགས་པའི་སྒོ་ནས་གཅིག་སྡུད་ཐུབ་པ་བྱས་ཏེ་ཐོན་འཕར་འབབ་འཕར་ཡོང་རྒྱུར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད།

སྨྱུག་འཛིན་པས་རོང་བྲག་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིན་ཆད་ཅུས་དེས་ཞིང་ལས་ལག་རྩལ་མི་སྣ་གྲོང་སྡེ་ཁག་ཏུ་བསྐྱོད་རྒྱུ་མུ་མཐུད་སྒྲིག་འཛུགས་བྱས་ནས་དཔྱིད་རྨོད་དཔྱིད་གྲབས་ལས་དོན་དང་ལག་རྩལ་ཞབས་ཞུའི་མཛུབ་ཁྲིད་ལས་དོན་ཏན་ཏིག་སྤེལ་ཏེ་རྫོང་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ནུས་ལྡན་ངང་ལེགས་སྒྲུབ་དང་ཞིང་ལས་ཐོན་འཕར་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི2021ལོའི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ བྱེད་སྒོ་དེ་དཀར་མཛེས་ཁུལ་གྲོང་གསར་དུ་སྤེལ།
  • ལེ་ཚན་རྗེས་མ།:དཔྱིད་ཀྱི་དཔལ་ཡོན་བཞད།། དཔྱིད་རྨོད་ལས་ལ་བྲེལ།།
  • དོ་སྣང་ཆེ་བའི་རྩོམ།