ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༢

ནོར་བུས་བསྒྱུར།        2021-03-09

   

ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༢

 ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ངོ་སྤྲོད་མདོར་བསྡུས།

   1922ལོའི་ཟླ7པའི་ཚེས16ནས23བར། ཀྲུང་གོ་གུང་ཁྲན་ཏང་གིས་ཧྲང་ཧའེ་ནས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་འཚོགས། ཚོགས་ཆེན་དུ་ཀྲུང་དབྱང་ཅུས་ཀྱི་ཁོངས་མི་དང་། ཏང་གི་ས་གནས་རྩ་འཛུགས་ཀྱི་འཐུས་མི། ཨེ་ཤ་ཡ་ཤར་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་གུང་ཁྲན་ཏང་དང་མི་རིགས་གསར་བརྗེ་ཚོགས་པའི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོར་ཞུགས་རྗེས་རང་རྒྱལ་དུ་ཕྱིར་ལོག་པའི་འཐུས་མི་ཁག་གཅིག་བཅས་ཞུགས་ཡོད། ཁོང་ཚོ་ནི་ཁྲེན་ཏུའུ་ཞིའུ་དང་ཀྲང་གོ་ཐའོ། ལི་ཏ། དབྱང་མིན་ཀྲའེ། ལུའོ་ཀྲང་ལུང་། ཝང་ཅིན་མེ། ཞུས་པའེ་ཧའོ། ཚའེ་ཧོ་སེན། ཐན་ཕིན་ཧྲན། ལི་ཀྲེན་ཡིང་། ཧྲི་ཚུན་ཐུང་བཅས་མི12(ད་རུང་མི་གཅིག་གི་རུས་མིང་མི་གསལ)ཡིན་ཞིང་། ཏང་ཡོངས་ཀྱི་ཏང་ཡོན195ཡི་ཚབ་བྱས་ཡོད། 

   ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཧྲང་ཧའེ་ཡི་དེ་སྔའི་སྤྱི་པའི་བཙན་གཡར་ས་ཆའི་ལྷོ་ཕྱོགས་ཁྲེང་ཏུའུ་ལམ་ཕུའུ་ཏེ་ལི་ཨང625པར་འཚོགས། ཁྲེན་ཏུའུ་ཞིའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བར་མ་ཟད། ཀྲུང་དབྱང་ཅུས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ལ་ལོ་གཅིག་རིང་གི་ལས་དོན་སྙན་ཞུ་གནང་བ་དང་། ཀྲང་གོ་ཐའོ་ཡིས་ཨེ་ཤ་ཡ་ཤར་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་གུང་ཁྲན་ཏང་དང་མི་རིགས་གསར་བརྗེ་ཚོགས་པའི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོར་ཞུགས་པའི་གནས་ཚུལ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་ཚོགས་ཆེན་ཐེངས་དང་པོར་ཞུགས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་ཞིང་། གུང་གཞོན་ཚོགས་པའི་ཀྲུང་དབྱང་གི་འཐུས་མི་ཧྲི་ཚུན་ཐུང་གིས་སྤྱི་ཚོགས་རིང་ལུགས་ན་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་བརྒྱུད་རིམ་དང་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་སྙན་ཞུ་ཕུལ།ཚོགས་ཆེན་གྱིས་ཁྲེན་ཏུའུ་ཞིའུ་དང་ཀྲང་གོ་ཐའོ། ཚའེ་ཧོ་སེན་བཅས་བདམས་ཏེ་ཟིན་འགོད་ཨུ་ཡོན་ལྷན་ཁང་གྲུབ་ནས།《ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་བསྒྲགས་གཏམ》དང་གྲོས་ཆོད་གཞན་དག་གི་འཆར་ཟིན་འགོད་པའི་འགན་འཁུར་རྒྱུར་བྱས། 

   ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་བསྒྲགས་གཏམ་ནི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཡིག་ཆ་ཞིག་རེད། བསྒྲགས་གཏམ་གྱིས་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་དང་ཀྲུང་གོའི་སྤྱི་ཚོགས་ཀྱི་ངོ་བོར་དབྱེ་ཞིབ་བྱས་པའི་རྨང་གཞིའི་སྟེང་ནས་མིག་སྔའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་ཏུ། ཏང་གི་འབད་བརྩོན་བྱ་ཡུལ་ནི། ནང་འཁྲུག་མེད་པར་བཟོ་བ་དང་། དམག་ཤེད་ཅན་གཏོར་བ། རྒྱལ་ནང་ཞི་བདེ་བསྐྲུན་རྒྱུ། རྒྱལ་སྤྱིའི་བཙན་རྒྱལ་རིང་ལུགས་ཀྱི་གཉའ་གནོན་རྩ་སློག་བཏང་ནས་ཀྲུང་ཧྭ་མི་རིགས་རྦད་དེ་རང་བཙན་ཡོང་བ་བྱ་རྒྱུ། ཀྲུང་གོ་གཅིག་གྱུར་བྱས་ནས་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ངོ་མ་ཞིག་ཏུ་འགྱུར་བར་བྱ་རྒྱུ། འདིས་དོན་དངོས་སུ་ཏང་གིས་ད་ལྟའི་དུས་རིམ་དུ་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་པའི་དམངས་གཙོའི་གསར་བརྗེའི་རྩ་འཛིན་ཏེ། ཏང་གི་ཆེས་དམའ་བའི་རྩ་འཛིན་གཏན་འབེབས་བྱས་པ་རེད། 

   བསྒྲགས་གཏམ་གྱིས་བསྟན་དོན། ཏང་གི་དམིགས་ཡུལ་ནི“འབྱོར་མེད་གྲལ་རིམ་རྩ་འཛུགས་བྱས་ནས་གྲལ་རིམ་འཐབ་རྩོད་ཀྱི་བྱེད་ཐབས་སྤྱད་དེ། ཞིང་ལས་དང་ངལ་རྩོལ་གྱིས་སྲིད་དབང་སྒེར་འཛིན་བྱེད་པའི་ཆབ་སྲིད་འཛུགས་པ་དང་། སྒེར་དབང་རྒྱུ་ནོར་ལམ་ལུགས་མེད་པར་བཟོས་ཏེ། རིམ་གྱིས་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་ཤིག་ཏུ་སླེབས་པར་བྱ་རྒྱུ་དེ་ཡིན།”འདིས་ཏང་གི་འཐུས་མི་ཚོགས་ཆེན་གཉིས་པའི་བསྒྲགས་གཏམ་གྱིས་རྩ་འཛིན་ཆེན་པོ་ཞིག་གིས་གཏན་འབེབས་བྱས་པའི་ཏང་གི་མཐར་ཐུག་གི་འབད་འཐབ་དམིགས་འབེན་ཏེ། ཏང་གི་ཆེས་མཐོའི་རྩ་འཛིན་རྒྱུན་འཁྱོངས་བྱས་པ་མཚོན། 

   ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ནི་ཏང་དབུ་བརྙེས་རྗེས་ཀྱི་ཏང་གི་སྒྲིག་ཡིག་དང་པོ་དེ་རེད། དེས་ཏང་ཡོན་གྱི་ཆ་རྐྱེན་དང་། ཏང་གི་རྩ་འཛུགས་རིམ་པ་ཁག་གི་འཛུགས་སྐྲུན། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་ཐད་ལ་གཏན་འབེབས་ཞིབ་ཕྲ་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི་ཏང་གི་རྩ་འཛིན་དང་བསྡུར་ན། དེས་ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་རྒྱས་བཤད་གསལ་པོར་བྱས་ཡོད། 

   ཏང་གི་ཚོགས་ཆེན་གཉིས་པས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གི་གཏན་འབེབས་ལྟར། ཁྲེན་ཏུའུ་ཞིའུ་དང་ཀྲང་གོ་ཐའོ། ཚའེ་ཧོ་སེན། ཀའོ་ཅུན་ཡུས། ཏེང་ཀྲུང་ཞ་བཅས་ཀྲུང་དབྱང་ལས་འཛིན་ཨུ་ཡོན་དུ་བདམས་ཤིང་། དེ་མིན་རྗེས་སྣོན་ལས་འཛིན་ཨུ་ཡོན་གསུམ་བདམས། ཁྲེན་ཏུའུ་ཞིའུ་ཀྲུང་དབྱང་ལས་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་པ་དང་། ཚའེ་ཧོ་སེན་དང་ཀྲང་གོ་ཐའོ་གཉིས་ཀྱིས་སོ་སོར་ཏང་གི་དྲིལ་བསྒྲགས་དང་རྩ་འཛུགས་ལས་དོན་གྱི་འགན་འཁུར་ཡོད། 

(རྩོམ་ཡིག་འདི་ནི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་བམ་པོ་དང་པོ(1921ལོ་ནས1949ལོའི་བར)》གྱི་སྟོད་ཆ་ལས་བཤུས་བསྒྲིགས་བྱས།)

 

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་ཆེན་འཐུས་མི་ཞའོ་ཡིའུ་ཚའེ་ཡིས་གྲོས་མགོ་འདི་དག་བཏོན།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་བུད་མེད་འདི་ཚོ་ལ་རྟེན་འབྲེལ་ཞུ།
  • དོ་སྣང་ཆེ་བའི་རྩོམ།