ཞིང་ཆེན་ཡོངས་ཀྱི་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་ལས་དབུལ་སྐྱོར་ལས་དོན་སྐུལ་འདེད་ཚོགས་འདུ་ལི་ཐང་དུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2017-10-02

    ཟླ་བ9པའི་ཚེས26ཉིན་ནས27ཉིན་གྱི་བར་ཞིང་ཆེན་ཡོངས་ཀྱི་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་ལས་དབུལ་སྐྱོར་ལས་དོན་སྐུལ་འདེད་ཚོགས་འདུ་ལི་ཐང་དུ་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཆུས་མུའུ་ཧྲི་ཧྭ་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་བ་རེད།

    ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཡན་ཝུས་ཏུང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས། ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་ཀྲུའུ་ཁྲུན་ཞིའུ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་གྲོས་ཚོགས་ནང་ཞུགས་ཡོད།

     ཚོགས་འདུའི་ཐོག་ལས་ཀའི་ཉམས་མྱོང་སྤེལ་རེས་བྱས་ནས་རང་རེའི་ཞིང་ཆེན་གྱི་ཧ་ཅང་དབུལ་ཕོངས་རྫོང་གི་ཞིང་ལས་ཐོན་ལས་དབུལ་སྐྱོར་ལས་ཀར་མགྱོགས་སུ་སྐུལ་འདེད་གཏང་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། 

     ཆུས་མུའུ་ཧྲི་ཧྭས་ས་གནས་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་ཤུགས་གཅིག་བསྡུས་ཀྱིས་ཞིང་ལས་ཐོན་ལས་དབུལ་སྐྱོར་གྱི་ལས་ཀར་སྐུལ་འདེད་གཏོང་བའི་སྡོམ་ཤུགས་སུ་ཆགས་བཅུག་པ་དང་། རྒྱུན་ཆད་མེད་པར་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་ལས་དབུལ་སྐྱོར་ཀྱི་གནས་བབ་གསར་པ་གཏོད་ཅིང་གྲུབ་འབྲས་ལེགས་པོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་དགོས་ཞེས་ནན་གསུང་གནང་བ་རེད།

      ཆུས་མུའུ་ཧྲི་ཧྭས་ཐོན་ལས་དབུལ་སྐྱོར་ནི་ཐོན་ལས་ཅི་ཙམ་འཕེལ་རྒྱས་གཏོང་བར་རག་ལས་པ་མིན་ཞིང་།ཐོན་ལས་འཕེལ་རྒྱས་གཏོང་བར་བརྒྱུད་དབུལ་ཕོངས་མང་ཚོགས་ཅི་ཙམ་བརྟན་པོའི་ངང་ནས་དབུལ་ཐར་བྱུང་བར་རག་ལས་པ་རེད། ས་གནས་ཁག་གིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བཟུང་ནས་དམིགས་སུ་བཀར་ནས་སྐྱེ་ཁམས་དང་ལྗང་མདོག་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་ལས་ཀྱི་དབུལ་སྐྱོར་ལས་ཀའི་བྱེད་ཕྱོགས་གནད་ལ་སྨིན་པར་ཁོང་དུ་ཆུད་པ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

     ཞའོ་ཡིའུ་ཚའེ་ཡིས་གསུངས་དོན། ཉེ་བའི་ལོ་ཤས་རིང་ལ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སྲ་ཞིང་བརྟན་པའི་འགོ་ཁྲིད་གནང་འོག དཀར་མཛེས་ཁུལ་གྱིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྦོལ་འཐབ་ཇུས་ཀྱི་དགོངས་དོན་ལག་བསྟར་བྱས་ནས་ནུས་ཤུགས་གཅིག་ཏུ་བསྒྲིམས་ནས་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་མཐའ་མཇུག་གི་ཐོན་ལས་དཔེ་སྟོན་ས་ཁུལ་བསྐྲུན་ནས་ཁུལ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་སྣེ་ཁྲིད་དེ་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་དབུལ་སྐྱོར་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་དང་སྐྱོད་བཞིན་ཡོད་པ་རེད། མིག་སྔར་དཔེ་སྟོན་ས་གསུམ་གྱི་འཛུགས་སྐྲུན་ལ་ཐོག་མའི་གཞི་ཁྱོན་ཆགས་པ་རེད། སྔོན་རྩིས་བྱས་ན་ད་ལོར་ཁུལ་ཡོངས་ཀྱི་ཞིང་འབྲོག་དམངས་ཆ་སྙོམས་མི་རེའི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར་ཁྲི་ལས་བརྒལ་ཐུབ་རྒྱུ་རེད། ང་ཚོས་ནན་ཏན་གྱིས་ཐེངས་འདིའི་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ནས་སྤུན་ཟླ་རང་སྐྱོང་ཁུལ་གྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་གྲུབ་འབྲས་ལེགས་པོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་རྒྱུ་ཡིན།

      ཚོགས་འདུ་འཚོགས་རིང་ཚོགས་ཞུགས་མི་སྣས་ལི་ཐང་རྫོང་གི་ཚོ་གསུམ་ཤང་ཞིང་ལས་གཉིས་སྐྲུན་ལྟེ་གནས་དང་འཇའ་བ་གྲོང་རྡལ་ཞིང་ལས་ཐོན་ལས་དབུལ་སྐྱོར་ལྡུམ་ཁུལ་སོགས་སུ་ལྟ་སྐོར་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:ཏང་གི་བཀའ་དྲིན་དྲན་ཞིང་ཡུན་ནས་ཡུན་དུ་ཏང་གི་རྗེས་སུ་འབྲངས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་མིང་འདོན་ལས་བྱེད་པའི་བསྐོ་འཐེན་ལས་དོན་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།