ཁུལ་ཡོངས་ཀྱི་སྐབས་དང་པོའི་ཆེས་ཡག་པའི་སྐྱེ་ཁམས་ནགས་སྐྱོང་པ་དཔྱད་འདེམས་བྱེད་པར་མིའི་ཐེངས་གྲངས་ཁྲི90ལྷག་གིས་དོ་ཁུར་བྱས།

དབྱངས་ཅན་གྱིས་བསྒྱུར།        2017-09-25

     ཁུལ་ཡོངས་ཀྱི་སྐབས་དང་པོའི་ཆེས་ཡག་པའི་སྐྱེ་ཁམས་ནགས་སྐྱོང་པ་དཔྱད་འདེམས་བྱེད་པའི་བྱེད་སྒོ་ལ་དྲྭ་ཐོག་འདེམས་ཤོག་འཕེན་འགོ་བཙུགས་པ་ནས་བཟུང་། སྐྱེ་ཁམས་ནགས་སྐྱོང་པ་ཞེས་པའི་མིང་འདི་ཐེངས་དང་པོར་དཀར་མཛེས་ཁུལ་གྱི་དྲྭ་ཐོག་འཚོལ་མྱུལ་བྱེད་མང་བའི་ཐ་སྙད་དུ་གྱུར་ཞིང་།   དེའི་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་ནི་འཕྲིན་ཕྲན་གྱི་གྲོགས་པོའི་ཁྲོད་ཡོངས་ཁྱབ་ཏུ་བརྒྱུད་བསྐུར་བྱས་ནས་ནགས་ལས་དང་འབྲེལ་བ་ཡོད་མཁན་དང་།   ནགས་ཚལ་ལ་དགའ་ཞེན་དང་གཅེས་སྐྱོང་བྱེད་མཁན་མི་སྣ་ལ་སེམས་འགུལ་ཐེབས་སུ་བཅུག་པ་རེད།

     ཟླ་བ9པའི་ཚེས6ནས9ཉིན་གྱི་བར། དཀར་མཛེས་ཁུལ་ནགས་ལས་ཅུས་ཀྱིས་ཁམས་པའི་དྲ་བ་དང་། དཀར་མཛེས་ཁུལ་གྱི་ནགས་ལས། དཔལ་ཡོན་གྱི་དཀར་མཛེས་བཅས་འཕྲིན་ཕྲན་སྤྱི་སྟེགས་གསུམ་དང་དཀར་མཛེས་ཁུལ་གྱི་གསར་འགྱུར་དྲ་བའི་ཐོག་དུས་མཉམ་དུ་ཆེས་ཡག་པའི་སྐྱེ་ཁམས་ནགས་སྐྱོང་པ་དྲྭ་ཐོག་དཔྱད་འདེམས་བྱེད་པའི་བྱེད་སྒོ་སྤེལ་འགོ་བཙུགས་རྗེས། མྱུར་དུ་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཡོངས་ཁྱབ་ཏུ་དོ་ཁུར་དང་རྒྱབ་སྐྱོར་ཐོབ་པ་དང་། འཕྲིན་ཕྲན་ཐོག་གི་གྲོགས་པོ་ཚོས་གཅིག་རྗེས་གཉིས་མཐུད་དུ་འབྲེལ་མཐུད་བྱས་པར་མ་ཟད་འདེམས་ཤོག་འཕེན་ཅི་ཐུབ་བྱས་ཡོད། ཟླ་བ9པའི་ཚེས12ཉིན་གྱི་ཆུ་ཚོད24ཡི་བར་དུ་དྲ་བའི་ལས་སྟེགས་ཆེན་པོ་བཞི་ལ་མིའི་ཐེངས་གྲངས902677ཡིས་བལྟས་ཡོད་པ་དང་།འདེམས་ཤོགས་འཕེན་མཁན་མི་གྲངས105411ཡོད། འཕྲིན་ཕྲན་བྱེད་སྒོ་སྤེལ་བའི་བརྡ་ཁྱབ་མིའི་ཐེངས་གྲངས14558ཀྱིས་བཀླགས་ཡོད་པ་རེད།

      ཕྱིན་ཆད་ཁུལ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་ལས་ཁང་དང་། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། ཁུལ་སྤྱི་ཁྱབ་བཟོ་ཚོགས། ཁུལ་ནགས་ལས་ཅུས་བཅས་ཀྱིས་ཐུན་མོང་དུ་དཀར་མཛེས་ཁུལ་གྱི་ཆེས་ཡག་པའི་སྐྱེ་ཁམས་ནགས་སྐྱོང་པ་དཔྱད་འདེམས་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་ཏེ། གཞུང་དྲང་དང་། དྲང་གཞག  ཡོངས་བསྒྲགས་བཅས་ཀྱི་རྩ་དོན་ལྟར། འགན་འཁྲི་ཁུར་སྟངས་དང་། དཀའ་ཚད་ཆེ་ཆུང་། བྱས་རྗེས་དངོས་གནས་བཞག་ཚད་སོགས་ཀྱིས་ཚད་གཞི་བྱས་ཏེ། དྲྭ་ཐོག་འདེམས་ཤོགས་འཕེན་པའི་མཇུག་འབྲས་ཕྱོགས་བསྡུས་བྱས་པར་བརྒྱུད། ཡག་པོ་ནས་ཡག་པོ་དང་བཟང་པོ་ནས་བཟང་པོ་དཔྱད་འདེམས་བྱས་མཐར། སྔོན་ཐོན་རང་བཞིན་དང་ཚབ་བྱེད་རང་བཞིན་ཡོད་པའི་ཆེས་ཡག་པའི་སྐྱེ་ཁམས་ནགས་སྐྱོང་པ་མི10བདམས་པར་མ་ཟད་བརྡ་ཁྱབ་ཐོག་ནས་གཟེངས་བསྟོད་བྱ་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:གནས་མཆོག་དཀར་མཛེས་ཀྱི2017ལོའི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཁྲིམས་སྐྱོང་གི་སྒྲིག་ལམ་བཟང་པོ་ཆགས།
  • དོ་སྣང་ཆེ་བའི་རྩོམ།