ཐོན་ལས་ཕུན་སུམ་ཚོགས་ཤིང་ཕྱུག་འགྱུར་གྱི་ལམ་བུ་ཡངས།

ཡེ་ཤེས་ཀྱིས་བསྒྱུར།        2020-06-16

    

ཐོན་ལས་ཕུན་སུམ་ཚོགས་ཤིང་ཕྱུག་འགྱུར་གྱི་ལམ་བུ་ཡངས།

འབའ་ཐང་རྫོང་སོ་བ་ལུང་ཡུལ་ཤོག་འུག་མདའ་ལུང་གྲོང་སྡེའི་སྟར་ཀའི་ཐོན་ལས་རྟེན་གཞིར་ཡུལ་པ་ཞིག་གིས་ སྟར་སྡོང་ལ་ཆུ་འདྲེན་པའི་ཚུལ། 

  སྤྱི་ཟླ5པའི་ཚེས31ཉིན། དྲོ་ཞིང་འཇམ་པའི་ཉི་འོད་འབའ་ཐང་རྫོང་སོ་བ་ནང་ཡུལ་ཤོག་འུག་མདའ་ལུང་གྲོང་ཚོར་འཕྲོས། གྲོང་ཚོའི་སྲང་ལམ་བརྒྱུད་དུས་མིག་ལམ་དུ་གཡུ་མདོག་ཅན་གྱི་མཛེས་ལྗོངས་ངོ་མཚར་ཞིག་མཐོང་བྱུང་། སྟར་སྡོང་གི་ཡལ་གའི་ཐོག་སྔོ་ཐིང་ཐིང་གི་མྱུ་གུ་འབུས་ཤིང་སྡོང་བོའི་འོག་ཏུ་འབུ་སུ་དང་། སེ་འབྲུ་སོགས་ཀྱི་མེ་ཏོག་བཞད་འདུག སྦྲང་མ་ཚོགས་ཀྱིས་དགའ་སྤྲོ་ངང་མེ་ཏོག་གསེབ་ནས་སྦྲང་རྩི་ལེན་བཞིན་ཡོད།

    འུག་མདའ་ལུང་གྲོང་ཚོའི་ཐོན་ལས་སྐོར་གླེང་སྐབས་འབའ་ཐང་རྫོང་སོ་བ་ནང་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་ཀྲང་དབྱི་ཞིང་གིས་འཛུམ་དམུལ་དམུལ་ངང་ནས་སོ་བ་ནང་ཡུལ་ཤོག་འུག་མདའ་ལུང་གྲོང་ཚོར་སྟར་ཀའི་རྟེན་གནས་མུའུ2000དང་དམའ་བའི་ཐོན་ཚད་དམའ་བའི་ས་མུའུ5000གསར་སྐྲུན་བྱས་ཡོད། ཐོན་འབོར་ཆེ་བའི་སྟར་ཀ་མུའུ400བཙུགས་པ་དང་། ཁུལ་ནགས་ལས་ཁང་དང་སྟར་ཀ་དཔེ་སྟོན་གླིང་ཚད་ལྡན་ཅན་སྐྲུན་པའི་མཉམ་ལས་ཡུན་རིང་གི་འབྲེལ་བ་བཙུགས་ཡོད། དུས་མཚམས་སུ་སེ་འབྲུ་སྐྱུར་པོ་མུའུ500གདབ་རྒྱུའི་འཆར་གཞི་ལས་ད་སྔ་མུའུ300བཏབ་ཟིན་པ་དང་སྔོན་དཔག་བྱས་ན2021ལོར་ཚང་མར་འབྲས་བུ་གདགས་རྒྱུ་རེད། དེའི་ཐོག་ཧྲོང་ལིའུ་ཡིས་ཞལ་འདེབས་བརྒྱབ་པའི་རྩྭ་ཕྱུགས་ཤིང་ཏོག་སྦྲང་རྩིའི་ལས་གཞི་དང་སྔར་ཡོད་ཀྱི་ལྷོ་རྒྱུད་ཀྱི་རོང་ཁུལ་སུར་པན་འདེབས་འཛུགས་ཐོན་ལས་ཡོད་པས་གྲོང་ཚོ་ཡོངས་ཀྱི་ཐོན་ལས་ཧ་ཅང་ཕུན་སུམ་ཚོགས་པོར་སོང་ཞིང་མང་ཚོགས་ཕྱུག་འགྱུར་ཡོང་བ་དུས་ཡུན་རིང་པོ་མི་དགོས་ཞེས་བཤད་པ་རེད།

     གྲོང་མི་སྟོབས་རྒྱལ་གྱིས་ཞིང་ཁར་ཆུ་འདྲེན་བཞིན་ཡོད་ལ་ཁོས་ང་ཉིན་གཉིས་རེར་རྟེན་གཞི་ཐེངས་རེ་ཡོང་ནས་སྟར་ཀའི་སྐྱེ་ཚུལ་ལ་ལྟ་བཞིན་ཡོད་ཅེས་བཤད། སྟོབས་རྒྱལ་ཚང་ལ་ནང་མི6ཡོད་པ་དང་། དེ་སྔོན་རྒན་རྒོན་གཉིས་ཀྱི་གཟུགས་པོ་བདེ་པོ་མེད་པ་དང་ཕྲུ་གུ་གཉིས་ཀྱིས་སློབ་སྦྱོང་བྱེད་ཀྱི་ཡོད། ཁྱིམ་དུ་ངལ་རྩོལ་ནུས་ཤུགས་ཉུང་ཞིང་འཚོ་བའི་གནོན་ཤུགས་ཆེ་བ་རེད། ད་ལྟ་སྟར་ཀའི་ཐོན་ལས་སྤེལ་བ་ནས་བཟུང་བཟའ་ཚོ་གཉིས་ཀྱིས་ཚན་རིག་དང་མཐུན་པའི་འདེབས་གསོའི་ཤེས་བྱ་ཤེས་པར་མ་ཟད། ད་དུང་གྲོང་ཚོར་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཡོད་ལ་འཚོ་བ་ཡང་ཇེ་བཟང་ནས་ཇེ་བཟང་རེད།

    ཡུལ་ཤོག་གི་ཆེད་བསྐོས་ལས་བྱེད་པ་བཀྲ་ཤིས་ཆོས་འཕེལ་གྱིས་སྨྱུག་འཛིན་པར་འབའ་ཐང་གི་གནམ་གཤིས་དྲོ་པོ་ཡོད་ཀྱང་ཆར་ཆུ་ཉུང་བ་རེད། དེར་བརྟེན་ང་ཚོས་ཆུ་རྐའི་ལས་གཞི་བསྐྲུན་ནས་ཞིང་ནང་དུ་ཆུ་འདང་ངེས་མཁོ་སྤྲོད་བྱས་པའི་འགན་ལེན་བྱས་ཡོད་ཅེས་བཤད་པ་རེད།

    ལོ26ལ་སོན་པའི་ཟླ་བ་ནི་གྲོང་ཚོའི་ནང་གི་ངལ་རྩོལ་ཧུར་བརྩོན་ཅན་དང་དཀའ་སྤྱད་སྙིང་རུས་ཅན། ལས་ལ་བརྩོན་ཞིང་སློབ་སྦྱོང་ལ་བརྩོན་པ་ཞིག་ཡིན། ཟླ་བས་དགའ་ཚོར་ཆེན་པོ་ངང་ནས་ད་ལྟ་སྒོ་རྩར་དངུལ་རག་གི་ཡོད་པ་རེད། སྔོན་ཆད་ང་ཚོས་ཀྱང་སྟར་ཁ་དང་། སེ་འབྲུ། ཀུ་ཤུ་སོགས་འདེབས་ཐུབ་པ་ཚང་མ་འདེབས་པ་ཡིན་ལ། འདེབས་འཛུགས་ཤེས་བྱ་མེད་པའི་ཁར་དོ་ཁུར་དེ་ཙམ་མི་བྱེད་པས་ཐོན་འབབ་ཞན་པ་དང་ཕྱིར་འཚོང་མི་ཐུབ་པ་དང་། ཐོན་རྫས་མང་ཆེ་བ་རང་ཉིད་ཀྱིས་མི་སྤྱོད་ཁག་མེད་རེད། ད་ལྟ་རིགས་གཅིག་མཁས་པས་སློབ་ཁྲིད་དང་སྲིད་གཞུང་གིས་རོགས་སྐྱོར་བྱས་ཏེ། ཚན་རིག་དང་མཐུན་པའི་འདེབས་འཛུགས་བདག་གཉེར་བྱེད་སྟངས་བསླབས་པ་རེད། རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་འོག་ང་ཚོས་དེ་སྔོན་གྱི་རྒས་ཤིང་སྲ་བའི་སྟར་སྡོང་ཚང་མར་ཨ་རིའི་སྟར་ཀ་གསར་པ་མཐུད་སྦྱོར་བྱས་ཡོད། སྤུས་ཚད་མཐོ་རུ་ཕྱིན་ནས་ཐོན་ཚད་འཕར་ཡོད། སྟར་ཀའི་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུའི་ཕྱོགས་སུ་བསྐྱོད་ངེས་རེད་ཅེས་བཤད།

    ཡུལ་ཤོག་གི་ཆེད་བསྐོས་ལས་བྱེད་པ་བཀྲ་ཤིས་ཆོས་འཕེལ་གྱིས་སྨྱུག་འཛིན་པར་འུག་མདའ་ལུང་གྲོང་ཚོ་ནི་ཞིང་མ་འབྲོག་ཁུལ་ཡིན་པ་དང་དབྱར་རྩྭ་དགུན་འབུ་དང་བེ་ཤ་ཐོན་ཚད་དམའ་ལ་སྤུས་ཚད་ཞན་པ། གྲོང་ཚོའི་ནང་ལ་ཡང་ཞིང་མང་པོ་མེད་པ་རེད། སྔ་མ་གྲོང་ཚོའི་ངལ་རྩོལ་ནུས་ཤུགས་བརྒྱ་ཆ80ཕྱིར་གླ་པ་འགྲོ་དགོས་པ་རེད། ད་ལྟ་ཡིན་ན་ང་ཚོས་ས་རྒོད་གསར་སྦོལ་བཟང་བསྒྱུར་བྱས་ཡོད། དབུལ་ཐར་ཕྱུག་འགྱུར་གྱི་སྲིད་ཇུས་བཟང་པོ་ཁག་དོན་འཁྱོལ་བྱུང་བ་དང་བསྟུན་ནས་གཞོན་ནུ་དང་དར་མ་མང་པོ་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལས་སྐྲུན་བྱེད་བཞིན་ཡོད། ཧྲོང་ལིའུ་ཡིས་རོགས་སྐྲུན་མི་སྣས་ང་ཚོར་རྩྭ་ཕྱུགས་དང་ཤིང་ཏོག སྦྲང་རྩི་བཅས་རེས་མོས་གསོ་སྤེལ་བྱེད་སྟངས་བསླབས་པ་རེད། མུའུ400ཡོད་པའི་འབུ་སུ་རྟེན་གཞི་བཙུགས་པ་དང་། བཞོན་མ30དང་སྦྲང་ཟོམ100ཞལ་འདེབས་ཕུལ་བ་རེད། ད་དུང་ཚད་ལྡན་ཅན་གྱི་བ་ཁང་དང་སྤྱི་ལེ40ལྷག་ཙམ་གྱི་གྲོང་ཚོའི་ལམ། རྩྭ་འདེབས་ཕྱུགས་གསོ་དང་། སྦྲང་མ་གསོ་བ། ཕྱུགས་ཀྱི་ལྕི་བ་ཞིང་ལུད་དུ་བསྒྱུར་པ་བཅས་ཀྱི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་གསོ་མངོན་འགྱུར་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

     གྲོང་ཚོའི་ཡོང་འབབ་རྩིས་བརྒྱབ་པའི་སྐབས་སུ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཐུབ་བསྟན་གྱིས་དགའ་ཚོར་ཆེན་པོས་དུད་ཚང་རེར་མུའུ1ནས2བར་ལྷོ་རྒྱུད་རོང་ཁུལ་སུར་པན་འདེབས་འཛུགས་བྱས་ཏེ་ཡོང་འབབ་སྒོར་ཁྲི2ནས4བར་བྱུང་ཡོད། རྩྭ་བཏབ་ནས་ཕྱུགས་གསོ་བའི་དུད་ཚང་རེར་ཡོང་འབབ་སྒོར་ཁྲི1ཙམ་འཕར་བ་དང་སྟར་ཁ་བཙུགས་ནས་དུད་ཚང་རེར་ཡོང་འབབ་སྒོར1000ཙམ་འཕར་ཡོད། སྟར་ཁ་དང་སེ་འབྲུ་ཕྱོགས་ཡོངས་ནས་འབྲས་བུ་བཏགས་རྗེས་དུད་ཚང་རེ་རེའི་ཆ་སྙོམས་ཡོང་འབབ་ལྡབ་འཕར་ཡོང་ངེས་རེད། ཁྱིམ་ཚང་ཚང་མ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཕུགས་འདུན་མངོན་འགྱུར་ཐུབ་རྒྱུ་རེད། ཧྲོང་ལིའུ་ཡིས་རོགས་སྐྲུན་དང་མཛུབ་ཁྲིད་འོག ང་ཚོས་གྲོང་ཚོ་ཡོངས་ཀྱི་དུད་ཚང104ཡི་སྒྱུར་བཀོད་ལྔ་བྱ་རྒྱུ་ལེགས་གྲུབ་ཟིན་པ་དང་གྲོང་ཚོའི་ཁོར་ཡུག་དེ་བས་གཙང་སྦྲ་དོད་པོ་བྱུང་ཡོད། ས་གནས་ཁག་གི་ཡུལ་སྐོར་བ་སྣེ་ལེན་བྱེད་པར་གྲ་སྒྲིག་ཡག་པོ་བྱས་ཡོད་ཅེས་བཤད་པ་རེད། ཁྲོན་བོད་གཞུང་ལམ་གྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་རྒྱབ་ལྗོངས་འོག་ཐུབ་བསྟན་ལ་རང་ཉིད་ཀྱི་འཆར་འགོད་ཡོད་པ་རེད།

     ཉེ་བའི་ལོ་ཤས་རིང་འབའ་ཐང་རྫོང་གིས་བྱང་རྒྱུད་ཡུལ་སྐོར་དང་དབུས་རྒྱུད་ཞིང་ལས་ལྷོ་རྒྱུད་ཆུའི་ནུས་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་ནས་ཐོན་ལས་མཉམ་འདྲེས་མཉམ་འགུལ་ཐེངས་གསུམ་ལ་ཤུགས་བརྒྱབ་པ་དང་། ཐོན་ལས་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་གྱི་ཁྱད་ཆོས་ཅན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། སྲིད་གཞུང་གིས་གཙོ་ཁྲིད་དང་ཁེ་ལས་ཀྱིས་སྣེ་ཁྲིད། ལས་རིགས་ཀྱིས་སྐུལ་ཁྲིད་དང་མང་ཚོགས་ཞུགས་པའི་ཐོན་ལས་གསར་སྤེལ་བྱེད་པའི་ལམ་བུ་གསར་པ་བཏོད་ཡོད།

    རྫོང་ཁོངས་བྱང་རྒྱུད་དུ་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་སྦགས་བཙོག་དངུལ་གཏེར་ཁྲིམས་ལྟར་སྒོ་བརྒྱབ་པ་དང་། མཚོ་ཕུ་ལུང་ལྗོངས་ཁུལ་སྲུང་སྐྱོང་འཛུགས་སྐྲུན་མགྱོགས་སུ་བཏང་ནས་མང་ཚོགས6000ལྷག་ཙམ་ལ་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་། རྫོང་ཁོངས་དབུས་རྒྱུད་དུ་ཞིང་ལས་འཕེལ་རྒྱས་བཏང་ནས་ཞིང་ཆེན་རིམ་པའི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དཔེ་སྟོན་རེ་ཞུ་ཐུབ་ཡོད། གསུམ་མདོའི་སྔོ་ཚལ་དང་འུག་མདའ་ལུང་སྟར་ཁ་སོགས་རྟེན་གཞི་ཆེན་པོ་བརྒྱད་བསྐྲུན་ནས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་འབབ་འཕར་ཡོང་བ་བྱེད་པ་དང་། རྫོང་ཁོངས་ཀྱི་ལྷོ་རྒྱུད་དུ་ནུས་ཁུངས་འཕེལ་རྒྱས་བཏང་ནས་སྟོང་ཝ་ཁྲི600ཅན་གྱི་ཆུ་ནུས་ལེགས་ཆར་བརྟེན་ནས་སོ་བ་ལུང་དང་འཕྲང་པོ་སོགས་གློག་འདོན་ས་ཚུགས4འཛུགས་སྐྲུན་བྱས་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར115བཏང་བ་དང་ཁྲལ་འབབ་སྒོར་དུང་ཕྱུར1.88ལ་ཟིན་ཡོད་དོ།།



  • ལེ་ཚན་སྔོན་མ།:མཐོ་སྒང་གི་ཁྱད་ཆོས་ཐོན་ལས་འབུར་ཐོན་བྱས་ནས་མང་ཚོགས་ཕྱུག་པོར་ཆགས་པའི་ལམ་དུ་ཁྲིད།
  • ལེ་ཚན་རྗེས་མ།:རང་བྱུང་ནགས་ཚལ་སྲུང་སྐྱོང་སྐོར་གྱི་འཆར་འགོད་གལ་ཆེན་ཞིག་ཐོན་འདུག
  • དོ་སྣང་ཆེ་བའི་རྩོམ།