2020-05-15
2020ལོའི་ཟླ་བ5པའི་ཚེས12ཉིན་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ།
སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཞིང་དཔོན་དབྱིན་ལི་ཡིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཞུས་པའི《སྲིད་གཞུང་ལས་ཀའི་སྙན་སྒྲོན》ལ་ཉན་འཇོག་དང་གྲོས་ཞིབ་བྱས་ཤིང་། གྲོས་ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་རིམས་ཀྱི་གནས་ཚུལ་འགོག་བཅོས་ཚོད་འཛིན་གྱི་ལས་ཀའི་གྲུབ་འབྲས་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི2019ལོའི་ལས་ཀར་ཁས་ལེན་གང་ལེགས་བྱས་པ་དང་། སྙན་སྒྲོན་ནང་བཏོན་པའི2020ལོའི་དམིགས་ཡུལ་གྱི་ལས་འགན་གཙོ་བོ་དང་གཙོ་གནད་ལས་ཀའི་བཀོད་སྒྲིག་དང་གྲོས་གཞིར་ཡིད་མཐུན་བྱུང་ནས་སྙན་སྒྲོན་ལ་ཆོག་མཆན་སྤྲོད་པ་རེད།
གྲོས་ཚོགས་ཐོག་ངོས་འཛིན་བྱུང་དོན། ད་ལོའི་ལོ་མགོ་ནས་བཟུང་གློ་བུར་དུ་བྱུང་བའི་རིམས་ནད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་དང་ལུས་ཁམས་བདེ་ཐང་ཡོང་བར་འཇིགས་སྐུལ་ཚབས་ཆེན་བཟོས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྔར་བྱུང་མ་མྱོང་བའི་གེགས་ཆག་ཆེན་པོ་བྱུང་ཡོད་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་དང་། ཞིང་ཆེན་ཏང་ཨུའི་ཐད་ཀའི་དབུ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གིས་ཁྱོན་ཡོངས་ནས་ཡིད་ཆེས་བརྟན་པོ་དང་། སྐྱིད་སྡུག་མཉམ་མྱོང་། ཚན་རིགས་དང་མཐུན་པའི་འགོག་བཅོས། གནད་སྨིན་ཐབས་འདོན་བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱས་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་ཀྱི་གྲུབ་འབྲས་རགས་ཙམ་ཐོབ་པ་རེད། མིག་སྔར། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་ཀར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་རིམས་ནད་བྱུང་ཚུལ་ཕལ་ཆེར་འགོག་ཐུབ་པ་བྱུང་ནས། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་སུ་ཉམས་པ་སླར་གསོ་བྱེད་བཞིན་པ་རེད།
གྲོས་ཚོགས་ཐོག་ངོས་འཛིན་བྱུང་དོན། 2019ལོར་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁྱོན་ཡོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་གྱི་ལས་ཀ་རབ་རིམ་ཐད་ཀྱི་འཛུབ་སྟོན་གལ་ཆེའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གི་དམིགས་ཡུལ་གྱི་ལས་འགན་ལེགས་འགྲུབ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་དང་། ཡུལ་མིའི་ཡོང་འབབ་སྔ་སྣུར་དུ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་ལྡབ་གཉིས་བསྒྱུར་བའི་དམིགས་ཡུལ་མངོན་འགྱུར་བྱུང་ནས། ཁྱོན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་གལ་ཆེན་ཐོབ་པ་རེད།
གྲོས་ཚོགས་ཐོག་ནན་གསུང་གནང་དོན། 2020ལོ་ནི་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། རིམས་ནད་ཀྱི་ཤུགས་རྐྱེན་དང་འགྲན་སློང་ནི་སྔར་བྱུང་མ་མྱོང་བ་ཞིག་རེད། མིག་སྔར། འཛམ་གླིང་ཐོག་རིམས་ནད་ཀྱི་གནས་ཚུལ་ད་དུང་མཆེད་རྒྱ་ཆེ་རུ་འགྲོ་བཞིན་པ་རེད། རྒྱལ་སྤྱི་དང་རྒྱལ་ནང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ནས། ཕྱི་ནས་ནད་ཡམས་འགོ་བར་སྔོན་འགོག་དང་། ནང་ནས་ནད་ཡམས་ཡང་བསྐྱར་ཕོག་པར་སྔོན་འགོག་བྱེད་པའི་ལས་ཀའི་འགན་འཁྲི་དཀའ་ཚེགས་ཆེ་ཞིང་ལྕི་བ་རེད། རང་རེའི་ཞིང་ཆེན་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་དམིགས་ཚད་གཙོ་བོ་དམའ་རུ་ཕྱིན་བས། དཀའ་ངལ་དང་། ཉེན་སྐྱོན། གཏན་འཁེལ་མིན་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་པ་རེད། རྒྱལ་སྤྱི་དང་རྒྱལ་ནང་གི་རྙོག་དྲའི་གནས་བབ་ལ་དམིགས་ནས། ཞིང་ཆེན་ཡོངས་ཀྱིས་ངེས་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ་དང་མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས། དུས་ཡུན་རིང་པོར་ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱ་དགོས་པ་དང་། ངེས་པར་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་དང་ལུས་ཁམས་བདེ་ཐང་ཡོང་ཐུབ་པ་དེ་ཨང་དང་པོར་བཞག་ནས། རྒྱུན་མཐུད་དེ་རྒྱུན་ལྡན་རང་བཞིན་གྱི་འགོག་བཅོས་ཚོད་འཛིན་ལས་ཀ་ཡག་པོ་བསྒྲུབས་ནས་རིམས་ནད་ཀྱི་གནས་ཚུལ་ནན་འགོག་བྱེད་པའི་རྨང་གཞིའི་ཐོག ཧུར་ཐག་ཡར་བརྩོན་བྱས་ཏེ་ཞིང་ལས་ཐད་བྱས་རྗེས་ཡག་པོ་འཇོག་པ་དང་། བཟོ་ལས་ཀྱི་དཀའ་གནད་ལས་ཀ་ཕྲག་ཏུ་ཁུར་བ། མ་འཇོག་ལས་ཀ་གཙོ་བོར་འཛིན་པ། འཛད་སྤྱོད་ཀྱིས་རིམ་སྤར་བྱ་རྒྱུར་སྐུལ་འདེད་གཏོང་བའི་ལས་ཀར་ཤུགས་རྒྱག་སར་བྱས་ནས། དཔལ་འབྱོར་གྱི་གཞི་རྩའི་གྲངས་ཀ་བརྟན་པོ་བྱེད་པ་དང་། དམངས་འཚོའི་མཐའ་ཚད་བརྟན་སྲུང་བྱས་ཏེ་མཇུག་འབྲས་དེ་བས་ཡག་པོ་འཐོབ་པར་བརྩོན་ལེན་བྱ་དགོས།
གྲོས་ཚོགས་ཐོག་ནན་པོར་བསྟན་དོན། 2020ལོའི་སྲིད་གཞུང་ལས་ཀ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་འཛུབ་སྟོན་བྱེད་ཅིང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་ཆེས་བཞི་བརྟན་པོར་འཛིན་པ། སྲུང་སྐྱོང་གཉིས་ཡག་པོ་སྒྲུབ་པ་བཅས་བྱས་ནས། ཁྱོན་ཡོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་གྱི་ལས་ཀ་རབ་རིམ་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལྟར། གཅིག་གྱུར་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། བརྟན་ཞིང་ཡར་རྒྱས་ཡོང་བའི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་ཅིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་བོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་ཀྱིས་སྒུལ་ཤུགས་བྱས་ཏེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུར་རྒྱུན་འཁྱོངས་བྱས་ནས། བརྟན་པོ་དྲུག་གི་ལས་ཀ་ཏན་ཏིག་ཡག་པོ་སྒྲུབ་པ་དང་། ཁྱོན་ཡོངས་སུ་འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ་བྱས་ནས། ཁྲེང་ཏུའུ་ནས་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་ཁྱོན་འཛུགས་སྐྲུན་བྱ་རྒྱུ་སྐུལ་འདེད་ཤུགས་ཆེན་གཏོང་བ། གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་འཕེལ་རྒྱས། ཕྱོགས་བཞིར་རྒྱ་སྐྱེད་གཏོང་བ་དང་ཁོངས་ཡོངས་སུ་སྒོ་འབྱེད་པ། དཀའ་ངལ་མཉམ་བསད་བྱས་ཏེ་མདུན་དུ་སྐྱོད་པ་བཅས་བྱས་ནས། དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་ཐུབ་པར་ཁག་ཐེག་བྱེད་པ་དང་། ཁྱོན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་གྱི་ལས་འགན་མངོན་འགྱུར་ཡོང་བར་ཁག་ཐེག་བྱ་དགོས་པ་རེད།
གྲོས་ཚོགས་ཐོག་འབོད་སྐུལ་བཏང་དོན། དཀའ་ངལ་གྱི་འགྲན་སློང་ཅི་ཙམ་ཡོད་ན་རྒྱལ་ཁ་ཐོབ་པའི་ཡིད་ཆེས་དེ་བས་ཇེ་དྲག་ཏུ་གཏང་དགོས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུའི་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱས་ནས། སེམས་ཤུགས་མཉམ་སྒྲིལ་དང་། དཀའ་སེལ་འགག་སྒྲོལ་བྱས་ནས། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་ལས་ཀ་མཉམ་འགྲུབ་ཡོང་བར་འབད་བརྩོན་ལྷུར་ལེན་བྱས་ནས། སེམས་ཐག་གཙང་བཅད་ཀྱིས་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་པ་དང་ཁྱོན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པའི་དམིགས་ཡུལ་གྱི་ལས་འགན་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱ་དགོས།།
(དབྱངས་ཅན་གྱིས་བསྒྱུར།)
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10