དཀར་མཛེས་རྫོང་ཚྭ་ལུང་གྲོང་རྡལ་གྱིས་འཁོར་རིགས་འཇོག་སར་གཅིག་གྱུར་དོ་དམ་བྱས།

ཀུན་དགས་བྲིས་ཤིང་པར་བླངས།        2017-05-05

དཀར་མཛེས་རྫོང་ཚྭ་ལུང་གྲོང་རྡལ་གྱིས་འཁོར་རིགས་འཇོག་སར་གཅིག་གྱུར་དོ་དམ་བྱས།

ཉེ་ཆར། དཀར་མཛེས་རྫོང་ཚྭ་ལུང་གྲོང་རྡལ་སྲིད་གཞུང་དང་ཉེན་རྟོག་མངག་གཏོང་ལས་ཁུངས་ཀྱིས་ལས་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ནས་ཁྲོམ་ལམ་དུ་འཁོར་རིགས་འཇོག་སར་གཅིག་གྱུར་དོ་དམ་བྱས་ཏེ་འཁོར་ལོའི་རིགས་བཀར་ནས་འཇོག་ས་བཟོས་པར་མ་ཟད་དོ་དམ་ཆེད་ལས་མི་སྣ་བསྐོས་པས་གྲོང་རྡལ་གྱི་ཁྲོམ་ལམ་དུ་འཁོར་རིགས་གང་མོས་འཇོག་པའི་རྣམ་པ་ཡོངས་སུ་བསྒྱུར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཡང་ཇེ་ཡག་ཇེ་བཟང་དུ་འགྲོ་བས་ཞིང་འབྲོག་གི་དུད་ཚང་རེ་ལ་འཕྲུལ་རྟ་སོགས་འཁོར་རིགས་རེ་མེད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་རེད། ཡིན་ནའང་མང་ཚོགས་ཕལ་ཆེར་ལ་འགྲིམ་འགྲུལ་ཤེས་བྱའི་སྐོར་ལ་རྒྱུས་མངའ་དེ་ཙམ་མེད་པ་དང་འགྲིམ་འགྲུལ་སྒྲིག་སྲོལ་ཡང་གསལ་པོ་མི་ཤེས་པའི་རྐྱེན་གྱིས་དུས་རྒྱུན་གྲོང་རྡལ་དེའི་ཁྲོམ་གཞུང་དང་ཐང་ཆེན། དགོན་པའི་ལྟག་སྒོ་སོགས་མི་མང་འཛོམས་སར་འཁོར་རིགས་གང་མོས་འཇོག་པའི་རྣམ་པ་ཞིག་ཆགས་ཡོད་པར་བརྟེན། འགྲིམ་འགྲུལ་ལ་འགོག་རྐྱེན་བཟོས་ཤིང་མང་ཚོགས་ཀྱི་ཚེ་སྲོག་ལ་ཉེན་ཁ་ཆེ་བ་རེད། གནས་ཚུལ་དེ་དང་བསྟུན་ནས། གྲོང་རྡལ་སྲིད་གཞུང་གིས་ལས་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལ་འགྲིམ་འགྲུལ་ཤེས་བྱའི་སྐོར་དྲིལ་བསྒྲགས་བྱས་པས་མ་ཚད་ཁྲོམ་གཞུང་འགྲམ་དུ་འཁོར་རིགས་ལ་རིགས་བཀར་ནས་འཇོག་སའི་རི་མོ་བྲིས་ཏེ་འཁོར་རིགས་རི་མོའི་ནང་ཚུན་དུ་འཇོག་ཏུ་འཇུག་པའི་སྲོལ་བཟང་ཞིག་གོམས་སུ་འཇུག་པ་རེད།

འཁོར་རིགས་ལ་གཅིག་གྱུར་དོ་དམ་བྱ་སྤྱོད་སྤེལ་རྗེས་ཚྭ་ལུང་གྲོང་རྡལ་གྱི་འགྲིམ་འགྲུལ་སྒྲིག་སྲོལ་སྔར་མེད་ཀྱི་ལེགས་བཅོས་ཆེན་པོ་བྱུང་ཡོད་ཅིང་། མང་ཚོགས་འགྲོ་སྐྱོད་ཇེ་བདེར་ཕྱིན་པས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པ་རེད། 

དཀར་མཛེས་རྫོང་ཚྭ་ལུང་གྲོང་རྡལ་གྱིས་འཁོར་རིགས་འཇོག་སར་གཅིག་གྱུར་དོ་དམ་བྱས།

  • ལེ་ཚན་སྔོན་མ།:དར་མདོའི་ཕག་མོ་རིའི་བཞི་པའི་ཚེས་བརྒྱད་ཀྱི་རྒྱལ་སྤྱིའི་གནས་སྐོར་དུས་ཆེན།
  • ལེ་ཚན་རྗེས་མ།:གསར་འགྱུར་ཐུང་ངུ་།
  • དོ་སྣང་ཆེ་བའི་རྩོམ།